ཏོག་དབྱིབས་ནད་དུག་དང་གོས་དཀར་ལྷ་ཡི་ཕོ་ཉ།

ཚུལ་བློ།        2020-03-18

ད་ལོའི་ལོ་འགོ་ནི་ཆེས་དམིགས་བསལ་བ་ཞིག་སྟེ། ཝུའུ་ཧན་ནས་མཆེད་པའི་གསར་བྱུང་ཏོག་དབྱིབས་ནད་དུག་གིས་རྒྱལ་ཁབ་གོང་འོག་བར་གསུམ་པོ་ཚ་ཚ་འུར་འུར་དུ་བཏང་ཞིང་། མི་སེམས་སྨྲེང་བར་བྱེད་པའི་སྐྱོ་གར་རིང་མོ་ཞིག་སྤྱི་ཚོགས་ཀྱི་གྲུ་ཟུར་ཀུན་ལ་བསྟར་བྱུང་། ནད་དུག་འདིས་ཆེས་གཅེས་སུ་འོས་ཤིང་རེ་བས་གཏམས་པའི་ཚེ་སྲོག་གང་མང་ཞིག་རྒྱང་རིང་ལ་ཁྲིད་སོང་ལ། སྤྱི་ཚོགས་འཚོ་བའི་རྒྱུན་ལྡན་འཁོར་བགྲོད་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད།

གོམས་གཤིས་ནི། ཞོགས་པར་ཡར་ལངས་ཁའི་འོ་ཇ་ཕོར་གང་དེ་ཡིན་ལ། གོམས་གཤིས་ནི། དགོང་མོ་མར་ཉལ་ཁའི་ཆུ་ཁོལ་ཧུབ་གང་དེ་ཡིན། ནད་རིམས་འགོག་བཅོས་ཀྱི་འཐབ་རྩོད་དྲག་པོའི་གཡུལ་ས་རུའང་། གདོང་མཆོང་གི་སྙིང་སྟོབས་རུས་རྐང་ལ་ཟུག་ཅིང་གཞན་སྐྱོབ་གཞན་ཕན་གྱི་བསམ་བློའི་གོ་ཆ་ལུས་ལ་བགོས་པའི་གོས་དཀར་སྨན་པའི་སྡེ་ཁག་ནི་ཅིས་ཀྱང་མི་རྣམས་ཀྱི་ངག་ལས་ཐལ་བའི་གོས་དཀར་ལྷ་ཡི་ཕོ་ཉ་དེ་ངེས་ངེས་ཡིན་རེད། ཁོ་ཚོ་མང་པོ་ཞིག་གིས་ངོ་སོ་དང་ཁེ་ཕན་ལ་སེམས་མི་ཡེངས་བར་ཉེན་ཁའི་མདུན་དུ་སྲོག་བསྡོས་ཀྱིས་མཆོང་རྐྱང་བྱེད་པ་འདིའང་ཁོང་ཚོའི་གོམས་གཤིས་ཤིག་ལོས་ཡིན།

སྤྱི་ཚོགས་འདི་ཁྲ་ཁྲ་རིག་རིག་ཏུ་གནས་པ་ནི་རིག་གནས་ཁྲ་ཁྲ་རིག་རིག་གིས་བསྐྱེད་པ་ཡིན་པ་བཞིན། མིའི་གནད་འགག་ལ་ཐུག་དུས་ཀྱི་བསམ་སྤྱོད་སྟེང་གི་བར་ཁྱད་དང་ཧེ་བག་འདི་དག་ཀྱང་རིག་གནས་ལས་གོས་པ་ལོས་ཡིན། དེ་རིང་། གོས་དཀར་ལྷ་ཡི་ཕོ་ཉ་འབོར་ཆེན་གྱིས་ནད་དུག་སྔོན་འགོག་དང་སངས་བཅོས་ཀྱི་ཕྱིར་དུ་ཉིན་སྣེར་མཚན་མཐུད་བྱས་ཤིང་། ཐ་ན་གཅིན་སྟན་བཞག་ཅིང་སྐྲ་ལོའང་བཅད་དེ་ནུས་པ་ཡོད་རྒུ་རྩལ་དུ་སྤྲུགས་ནས་མིའི་སྐྱིད་སྡུག་དང་ཚེ་སྲོག་གི་འགག་མཚམས་ལ་ཐུག་དུས་འདིར། ང་ཚོར་ཡོད་དགོས་པ་ནི་བྱམས་སེམས་དང་དཀྱེལ་ཡངས། མཉམ་སྐྱོང་དང་མཐུན་སྒྲིལ་ཡིན་འོས་མོད། ཡིན་ཡང་། ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་གྱི་འཐབ་མོའི་ཁྲོད། མཐོ་བ་འགོ་ཁྲིད་ནས་དམའ་བ་འབངས་མིའི་བར་དུ་ཀུན་སྤྱོད་དང་བསམ་བློའི་དྲི་ནག་གིས་ཁོར་ཡུག་ལ་བསླད་སྐྱོན་ངན་པ་ཐེབས་པའི་སྤྱི་ཚོགས་གནད་དོན་ཡང་མང་པོ་ཞིག་ཕྱི་ལ་བསྟན་པ་རེད། འདི་ནི་སྤྱི་དམངས་སུས་ཀྱང་མཐོང་མི་འདོད་ཅིང་ཡིད་སྐྱོ་བའི་གནས་ཤིག་རེད།

ནམ་རྒྱུན། ནང་ལོགས་ཀྱི་ན་གཞོན་ཕལ་མོ་ཆེས་དུས་ཚོད་མང་པོ་བཏང་ནས་གྲགས་སྐར་གྱི་རྗེས་འབྲང་བའམ་གྲགས་སྐར་ཆགས་རྒྱུ་ཕུགས་འདུན་ལ་བཟུང་ནས་བརྩོན་འགྲུས་གང་མང་བསྐྱེད་ཅིང་སྟོང་བསམ་ཡང་མང་དུ་བཅངས་ཡོད། དེ་ལྟའི་བསམ་འདུན་གྱི་དབང་གིས་ཉིན་ལྟར་སྐྱིད་རྒྱག་པའི་གྲགས་སྐར་ཡང་མང་དུ་བྱུང་ཡོད་པ་འདི་རེད། ཡིན་ཡང་། སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བ་ནི་ཡང་དག་པའི་བསམ་བློ་སྣེ་སྟོན་དང་དཔལ་ཡོན་ཅན་གྱི་འགྲོ་ལུགས་གོམས་སྲོལ། མིའི་རིགས་ཀྱི་འབྱུང་འགྱུར་ལ་དཔྱོད་པའི་ཚན་རྩལ་སློབ་སྦྱོང་གི་འདུ་ཤེས་སོགས་ཡིན་པ་མང་པོ་ཞིག་གིས་སྣང་མེད་དུ་བཞག་ཡོད་པ་འདྲ། ལྷག་པར་ཞེན་པ་རྣམས་དང་སྤྱི་ཚོགས་ཀྱིས་ཡར་ལ་བཞག་པའི་གྲགས་སྐར་འདི་དག་གལ་ལ་ཐུག་པའི་དེ་རིང་གི་ཉིན་མོར་སོ་སོ་སོའི་སྤྲོ་ཁང་དུ་འཇམ་ཅག་གེར་བསྡད་ཡོད་ལ། ལྷོད་ཤིག་གེར་ཇ་དང་ཆང་ལ་རོལ་ནས་ཡོད། ལྡོག་སྟེ། ནམ་རྒྱུན་མང་པོ་མང་པོས་སྡིགས་མོ་བྱེད་སའི་ཡུལ་དང་འཛིང་སྙོད་རྒྱག་སའི་གོས་དཀར་སྨན་པའི་སྡེ་ཁག་གིས་འཐབ་འཁྲུག་གི་ཉེན་ཁ་ཆེ་ས་ན་སྤྱི་དམངས་ཀྱི་བདེ་སྡུག་སྲོག་གིས་བསྲུང་ཡོད་པ་མ་ཡིན་ནམ། འདི་ནི་ཇི་འདྲའི་རྒྱུ་འབྲས་གོ་ལྡོག་གི་སྣང་ཚུལ་ཞིག་སྟེ། གྲགས་སྐར་གྱིས་སྐུད་ལམ་དང་པོར་སོང་སྟེ་སྨན་བཅོས་མི་ཐུབ་རུང་རོགས་དངུལ་གཏང་ཆོག་པ་རེད། རོགས་དངོས་ཀྱི་སྦྱིན་པ་གཏང་ཆོག་གི་རེད། འོན་ཀྱང་འདི་ལྟར་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་ཚོགས་ལ་སེམས་ཁུར་བྱེད་མཁན་གླུ་མ་ཧན་ཧུང་ལྟ་བུ་རེ་ཟུང་ལས། གྲངས་འབོར་ཁྲི་ལ་ལོངས་བའི་གྲགས་སྐར་གྱི་སྡེ་རུ་དམན་ས་གཉོམ་སར་ཕྱག་གིས་སྐྱོང་བ་ཉུང་ཉུང་མ་རེད་དམ། དེ་བས། རིན་ཐང་གི་ལྟ་བ་འཆོལ་ཉོག་ཏུ་འགྲོ་བཞིན་པའི་སྐབས་འདིར། རྒྱང་ལ་ལྟ་བ་དང་རྒྱང་རིང་མཐོང་བའི་དད་འདུན་དང་བརྩོན་སེམས་ཐོགས་ཏེ། སྤྱི་ལ་ལྟ་བ་དང་ཀུན་ལ་སེམས་པའི་དཔལ་ཡོན་ཅན་གྱི་སྤྱི་དམངས་རེ་བྱེད་པ་ནི་ཅིས་ཀྱང་གལ་ཆེ་ཨང་།

བརྩེ་སེམས་དང་འགན་འཁྲི་དང་དུ་བླངས་བའི་ཆེས་སྤྱིར་བཏང་གི་གོས་དཀར་ལྷ་ཡི་ཕོ་ཉ་རྣམས། ཁྱེད་ཚོ་ནི་གཤིས་ཀ་འཇམ་ཡང་བཟོད་སེམས་ཀྱིས་བརྒྱན་ཡོད། ལས་ཀ་ལྕི་ཡང་ཚིམ་སྣང་གིས་ཁེངས་ཡོད། ནད་ཁང་གི་ནད་པ་རེ་རེའི་མིག་ལམ་དུ་ཁྱེད་ཚོའི་འཛུམ་མདངས་རེ་རེ་ཅི་འདྲའི་ཡིད་དབང་འཕྲོག་པ་ཞིག ཚེ་སྲོག་རྟ་རྔ་འདྲ་བོ་ཆད་ལ་ཉེ་བའི་གནད་འགག་གི་དུས་སྐབས་རེ་རེར། སླར་ཡང་ཚེ་སྲོག་གི་མཛེས་སྡུག་དང་འཚོ་བའི་ཉི་འོད་བསྣམས་ཡོང་མཁན་ནི་ཁྱེད་ཚོ་རེད། དེ་བས། ལན་དང་རྣམ་སྨིན་ལ་མི་རེ་བའི་སྐྱེས་འབུལ་དང་གཏོང་ཕོད་ནི་ཁྱེད་ཚོའི་ང་རྒྱལ་དུ་ཆགས་འདུག་ཨང་།

  • ལེ་ཚན་སྔོན་མ།:ཕྲ་སྲིན་གྱི་ངོ་བོ་གྱུར་ནས་ཚེ་སྲོག་གི་དབུགས་རྒྱུན་ལ་འཐམ།
  • ལེ་ཚན་རྗེས་མ།:ལྭ་དཀར་གྱོན་པའི་རུ་དཔུང་།