ཁོ་བོའི་ཟིན་བྲིས་ལས་གཞོན་ནུ་མ་ཞིག

་ཏྲེ་སྲས་བློ་བཟང་བསོད་ནམས།        2019-12-30

    མཚན་མོ་འདི་ལྷིང་འཇགས་རྗེས། བདག་ལ་ཡོད་པ་ནི་འབྲི་ཤོག་ཅིག་དང་སྨྱུ་གུ་ལས་ཅི་ཡང་མེད། མགོ་བོ་ས་ལ་བཞག་ནས་སྐར་མ་གསུམ་ཙམ་ལ་ཁུ་སིམ་ངེར་བསྡད་རྗེས། ལྗོན་ཤིང་གཡོ་བའི་སྒྲ་ལས་གཞན་ཅི་ཡང་མི་འདུག ཡར་ཙོག་པུ་ལངས་ནས་འབྲི་ཤོག་དང་སྨྱུ་གུ་ལག་ཏུ་བཟུང་ནས་གཞོན་ནུ་མ་དེ་ཡིད་བརྙན་སྟེང་དུ་ཆགས་པའི་ཕོ་བྲང་ཞིག་འབྲི་འགོ་བརྩམས་པ་ཡིན། དྭངས་གསལ་གྱི་རྩྭ་ཐང་སྟེང་དུ་བརྩེ་བ་ཡི་ཁྲབ་རྒྱན་བཏགས་ནས་ཁོང་མོའི་བྱད་གཟུགས་སུ་ཆོ་འཕྲུལ་མང་ཞིག་གིས་རྒྱན་སྤྲས་ནས། དེ་ནས་བཟུང་བདག་གིས་རྟག་ཏུ་ཁོང་ལ<<རྩྭ་ཐང་གི་ལྷ་མོ་>>ཞེས་མིང་བཏགས་པ་ཡིན། མཚན་གུང་དུ་བདག་གཡེང་བ་དང་ལེ་ལོ་ཡི་པང་དུ་འཕྱོ་ཡང་སྒེའུ་ཁུང་ནས་ཟླ་བའི་འོད་ཀྱི་བསིལ་ཟེར་འཐུང་ཞོར་གཞོན་ནུ་མ་དེའི་ཡིད་བརྙན་མཁའ་རུ་བཞེངས་ནས་ཡིག་འབྲུ་སྐྱ་བོའི་གླེགས་བམ་དུ་བཅུག་པ་ཡིན། སྐབས་དེ་སྒེའུ་ཁུང་ནས་ཡོང་བ་དག་ནི་བརྩེ་བ་དང་། ལྷིང་འཇགས། བྱམས་བརྩེ། བསིལ་ཟེར་བཅས་ཡིན་ཞིང་ལྷག་པར་དུ་ཁོང་གི་བྱད་གཟུགས་སུ་ནང་སེམས་ཝ་ལེར་འཆར་བའི་ཟློས་གར་དེ་ཡིན། སྐབས་དེར། སྒེའུ་ཁུང་ནས་མགོ་བོ་བསྲིངས་ནས་ཡར་ངོས་ཟླ་བའི་པང་དུ་ཐ་སྙད་ཀྱི་ཚོགས་ཤིག་བསྐུར་ནས་ཁོང་མོ་དང་ཁོང་མོའི་སྐད་ཆ་ལ་ལན་ཞིག་བསྐུར་བ་ཡིན། དོ་ནུབ་དེ་ཁྱོད་མེད་ཀྱང་བདག་ལ་མཚན་ནམ་རིང་མོའི་དཀྱོག་མཚམས་འདི་ལྷིང་འཇགས་པས་ཁྱོད་ཀྱིས་བདག་ལ་དབང་བའི་དུས་ཚོད་ཅིག་ཡིན་ཤས་ཆེ། དུས་ཚོད་ཀྱིས་ཀྱང་བདག་ལ་སྟ་གོན་གྱི་ཡིག་འབྲུ་དེ་གནང་བར་བཀའ་དྲིན་ཆེ་ཞུ།

    མཚན་ནམ་གྱི་མི་རྣམས་མུན་པ་ཡིས་སྣང་བ་ཟོས་རྗེས་བདག་ལ་དམིགས་བསལ་གྱི་དུས་ཚོད་ཀྱི་ཕོ་ཉ་ཞིག་གནང་ཡོད་བར་འདྲ། ད་རུང་ཁྱོད་ལ་འཕྲིན་ཡིག་འབྲི་བའི་དུས་ཚོད་ཀྱང་གནང་ཡོད་བར་འདྲ། གང་ལྟར་མཚན་མོ་དེ་འདང་ཆེ་བའི་མི་ལ་འཕྲིན་ཡིག་འབྲི་བའི་དུས་ཚོད་ཡིན་པས་སྔར་བཞིན་འབྲི་ཡིན་ཡོད། མདུན་ཅོག་སྟེང་གི་སྒྲོན་མེའི་འོག་ཏུ་འཇིག་རྟེན་ཆུང་ཆུང་དེ་ཁྱོད་ཀྱི་འཇིག་རྟེག་ཡིན་ལ་ང་ཡིས་ཁྱོད་ཀྱི་བྱད་གཟུགས་འབྲི་བའི་འཇིག་རྟེན་ཡང་ཡིན། འཇིག་རྟེན་དེའི་ཡིག་འབྲུ་འཁྱག་པ་དག་བང་རིམ་བརྩེགས་ནས་བདག་གི་སྒྲུང་གཏམ་གྱི་བས་མཐའ་རུ་སྤུངས་ཀྱིན་ཡོད། ཡུན་རིང་འགོར་རྗེས། ངས་ཁྱོད་ཀྱི་འཇིག་རྟེན་ལ་གསེར་གྱི་ཕ་བོང་ལྟར་རིན་ཐང་གཞལ་མེད་ལྟར་འདུ་ཤེས་གསོག་གིན་ཡོད། ཟླ་བ་ཡང་ཁྱིམ་དུ་ལོག་སོང་། ཁོ་བོ་སྔར་བཞིན་སྒེའུ་ཁུང་དུ་མགོ་བོ་བསྲིངས་ནས་དངན་པ་འཐེན་ཞོར་སྨྱུ་གུ་བཟུང་ནས་ནང་སེམས་སུ་རྒྱང་རིང་དང་འགྲོས་སུ་བཅུག་པའི་གཞོན་ནུ་མའི་རྟོགས་བརྗོད་དེ་ལ་གསེར་གྱི་ཐ་སྙད་བཀོལ་ནས་བཞེངས་ཀྱིན་ཡོད།

    ནང་སེམས་སུ་ཨ་རག་གི་བཟི་ཁ་དྭངས་རྗེས། བདག་དང་འབྲེལ་བ་མེད་པའི་སྐད་ཆ་ཞིག་ཉིན་སྲིབ་གཉིས་ལ་འཆར་བཞིན། སུན་སྣང་གི་སྤྲིན་ནག་བདག་གི་ཚེ་སྲོག་ཏུ་འཇིགས་སྐུལ་གཏོང་གིན་འདུག ལྗིད་ཏིག་ཏིག་གི་ཚོར་བ་འདི་ཚེ་རབས་ཤིག་གི་བུ་ལོན་ཨེ་ཡིན་བསམ་ཞོར་སྨྱུ་གུ་ཐང་ལ་བཞག ཆུ་རུ་ལྕེབས་བའི་སེམས་པ་ཞིག་ཡོ་བསྲང་གི་འདུན་པ་དབེན་ཡང་ཁྱོད་ཕྱོགས་སུ་འཕྲིན་ཡིག་གི་དམ་བཅའ་འབྲི་བ་འདི་བག་ཕེབས་ངང་འཇིག་རྟེན་དུ། ལས་དབང་གིས་དབང་ཆོག་ཆོག་གི་འཚོ་བ་ཡིན་པས་ནང་སེམས་སུ་མེ་ཏོག་སྐྱོར་བའི་ཐབས་ཤིག་ཀྱང་ཡིན། མེ་ཏོག་ཏུ་ཞེ་འདྲིས་ལྕི་བའི་སྒྲུང་གཏམ་ཡང་ཁྱོད་ཀྱི་དགའ་བའི་བུ་ག་ནས་ཐོན་བའི་བརྩེ་བ་ཤ་སྟག་ཡིན་པས་བདག་ལ་ནམ་ཡང་མཁོ། ད་རུང་ལོ་ཟླ་རུ་སྐྱོར་བའི་བརྩེ་བ་འདི་མུ་ཏིག་དང་བྱུ་རུ་ཡིས་ཁྲབ་རྒྱན་བཀོལ་ཡོད། དེ་བས་བདག་ལ་མདོག་ཡལ་བའི་ནམ་མཁའ་རུ་འབབ་ཐུབ་བམ། བརྩེ་བ་ཡི་ཕོ་བྲང་ནང་ལོ་མཐུད་ཟླ་མཐུད་ཀྱི་ཕྱི་ནང་གཉིས་མདོག་ཡལ་བ་མཐོང་མི་འདོད། ཀོ་གྲུ་ཞིག་གི་གྲུ་ཁ་ལ་བསྡད་ནས་རྣམ་ཤེས་དེ་ཁྱོད་ཀྱི་འགྲམ་དུ་ཚེ་སྲོག་གི་འདབ་མ་རེ་རེ་ཁྱོད་ལ་དབང་ཆོག ཡིན་ནའང་། རྣམ་ཤེས་ལ་གས་ཆག་སོང་བ་ཡིན་ན་ངོ་བོ་མ་དག་པས་དེ་ཙམ་གྱིས། མཇུག་མཐར་ཞི་དུལ་གྱི་ཕར་ངོགས་ན་ཁྱོད་ཀྱི་འཚོ་བ་ཡོད་ན་རྒྱུད་སྐུད་ཀྱིས་འདུལ་བའི་རྣམ་ཤེས་དེ་གཏོང་ཆོག།

  • ལེ་ཚན་སྔོན་མ།:མ་ཡུམ་ལགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ
  • ལེ་ཚན་རྗེས་མ།:བདག་གི་ཨ་མ།