བདག་གི་ཨ་མ།

བསོད་ནམས་གཡང་འཛོམས།        2020-01-06

   ཨ་མ་ནི་འགྲོ་བའི་སྐྱེད་ཡུམ་ཡིན་ལ་ཨ་མ་ཡོད་པ་ལས་འགྲོ་བ་མི་བྱུང་ཞིང་འགྲོ་བ་མི་ཡོད་པ་ལས་འགྲོ་བ་མིའི་ཤེས་རིག་དར་བ་ཡིན། འཇིག་རྟེན་སྟེང་གི་གཟི་བརྗིད་དང་སྤོབས་པ་ཐམས་ཅད་ཨ་མ་ལས་བྱུང་ལ་ཚེ་འདི་རྣ་བར་ཆེས་སྙན་པ་ནི་ཨ་མའི་འབོད་སྒྲ་ཡིན།

   གཟུགས་པོ་བདག་གཅེས་བྱོས་ཨ། སློབ་སྦྱོང་ལ་འབད་པ་བྱོས་ཨ། ཞེས་པའི་ཨ་མ་ལགས་ཀྱི་བྱམས་དང་བརྩེ་བའི་སེམས་རྒྱུད་ཀྱིས་བརླན་པའི་གསུང་རྒྱུན་དྲོན་མོ་དེ་དུས་དང་རྣམ་པ་ཀུན་ཏུ་བདག་གི་ཡིད་ཀྱི་དྲན་པའི་ངོས་སུ་ལྷང་ངེར་ཤར། བདག་གི་ཨ་མ་ལགས་ལ་ཙ་རིའི་སྨྱུག་མ་འདྲ་བའི་སྐུ་གཟུགས་མེད་ལ། དཀར་གསལ་ཟླ་བ་འདྲ་བའི་བཞིན་རས་ཀྱང་མེད། ཁོང་ལ་སྒོར་ཞིང་དམར་མདངས་ལྡན་པའི་བཞིན་རས་དང་རིང་ཞིང་སྣུམ་པའི་དབུ་སྐྲ་ཞིག་ཡོད་པ་ཡིན་ནའང་ཞལ་རས་གཉེར་མས་གང་ལ་རིང་ཞིང་སྣུམ་པའི་དབུ་སྐྲའི་བར་ལ་སྐྲ་དཀར་འགའ་སྐྱེ་འདུག ད་དུང་ཁོང་གི་ཕྱག་ཟུང་སེར་གས་གང་འདུག མི་ཡུལ་ས་མཐར་ཡོད་པའི་བུ་མོ་ང་ཡི་ཨ་མ་ལགས་ལ་གཟུགས་ལམ་ནས་ཁ་བརྡ་བྱེད་སྐབས་འདི་དག་མཐོང་ཐེངས་རེར་མིག་ཆུ་ཡིས་འདྲེན་བྱེད་ཡང་ཡང་བརླན།

    ང་ཚོའི་ནང་ལ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ཁྱིམ་གྱི་ལས་ཀ་ཕྱག་ལས་གནང་མཁན་བྱམས་བརྩེ་ལྡན་པའི་ཨ་མ་ལགས་ཡིན། ང་ཚོ་མིང་སྲིང་གསུམ་ཆུང་དུས་ནས་བྱམས་བརྩེ་ཨ་མའི་ཐུགས་འཁུར་ཟབ་བཞེས་འོག་ཏུ་འཚར་ལོངས་བྱུང་། ཁོང་གིས་ང་ཚོ་ཤེས་བྱའི་རིག་གནས་ཀྱི་སྒོ་མོ་འབྱེད་མཁན་དགེ་བའི་བཤེས་གཉེན་གྱི་དྲུང་དུ་བསྐྱལ་ནས་ཤེས་བྱའི་རྟ་ཕོར་བཞོན་ནས་ཤེས་རབ་མུ་མེད་རྩྭ་ཐང་སྟེང་ནས་རང་དགོས་ཤེས་བྱ་དེ་ལ་བརྩོན་དུ་བཅུག་སྟེ་ནར་སོན་རྗེས་རྒྱལ་ཁབ་ལ་ཕན་པ་སྒྲུབ་མཁན་ཞིག་ཆགས་མ་ཐུབ་ཀྱང་རང་མི་རིགས་ལ་ཕན་པ་སྒྲུབ་མཁན་དང་རང་ཉིད་ཀྱིས་རང་ཉིད་ལ་བདག་སྐྱོང་བྱེད་ཐུབ་མཁན་ཞིག་བྱ་དགོས་པའི་སྐུལ་མ་ཡང་ནས་ཡང་དུ་བཏང་།

    རྩ་ཆེན་མི་ལུས་སྦྱིན་མཁན་ཨ་མ་ལགས། ང་ཚོའི་མིང་སྲིང་གསུམ་སོ་སོའི་མདུནལམ་གྱི་ཆེད་དུ་ཨ་མ་ལགས་ཀྱི་དྲུང་དུ་བསྡད་ནས་དྲིན་ལན་འཇལ་རྒྱུ་མ་བྱུང་མོད། འོན་ཀྱང་མི་ཡུལ་ས་མཐའ་ལ་བསྡད་པའི་བུ་མོ་ང་ཡི་མ་མཐའི་འཚམས་འདྲི་དེ་ཡང་ཉུང་ཉུང་རེད་འདུག་པས་ཨ་མ་ལགས་དགོངས་ཚོམས་མེད་པར་མཁྱེན། ས་མཐར་ཡོད་པའི་བུ་མོས་ཨ་མ་ལགས་ཤིན་ཏུ་དྲན་གྱི་གདའ་འོ།།

    ཨ་མ་ལགས། ཁྱེད་ནི་ང་ཚོའི་ཆེད་དུ་ཚེ་གཅིག་དཀའ་སྤྱད་འབད་བརྩོན་ཁྲོད་དུ་ལུས་སོང་། གུས་མོས་གཅེན་གཅུང་གཉིས་ཀྱི་ཚབ་བྱས་ནས་ཡུམ་ཆེན་ལགས་ལ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་སྐུ་ཚེ་ཁྲི་ལོ་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ། ཨ་མ་ལགས་ཁྱེད་དཀའ་ལས་ཆེ་ཐལ།

    ཨ་མ་ལགས། ཁྱེད་ཀྱི་ཁོག་རྒྱ་དང་སྤོབས་པས་ནམ་ཡང་ང་རང་ལ་ཉམས་པ་མེད་པའི་གསོན་ཤུགས་ཤིག་བྱིན་དང་སྦྱིན་བཞིན་མཆིས་ལ། ཁྱེད་ཀྱི་བྱམས་བརྩེས་ནི་ནམ་ཡང་ང་རང་འཇིག་རྟེན་འདིར་འཚོ་བའི་ཆེས་རླབས་ཆེ་བའི་ནུས་ཤུགས་ཀྱང་ཡིན་ནོ།།


  • ལེ་ཚན་སྔོན་མ།:ཁོ་བོའི་ཟིན་བྲིས་ལས་གཞོན་ནུ་མ་ཞིག
  • ལེ་ཚན་རྗེས་མ།:ཕ་ཡུལ་དྲན་བྱུང་།