ཨ་མ་སེམས་ནང་གི་བྱིས་ཕྲུག་ང་།

ཡེ་ཤེས་མགོན་པོ།        2019-10-21

    ང་རང་ཆུང་བྱིས་པའི་དུས་ནས་དར་མར་འཚར་ལོངས་བྱུང་བ་ཡིན་ནའང་འདྲ། རང་གིས་ཁྱིམ་གཞིས་བསྐྱངས་ནས་གཞན་གྱི་ཕ་མར་གྱུར་ནའང་འདྲ། ཨ་མས་མི་ཚེ་ཧྲིལ་པོར་ང་རང་སྒོ་ངའི་ནང་གི་སེར་ཐིག་དང་ཁོག་པའི་ནང་གི་སྙིང་ཐིག མིག་ནང་གི་ནག་ཐིག་ལྟར་གཅེས་པ་བསྐྱངས་པས་ང་ནི་ཁོང་གི་སེམས་ནང་དུས་ནམ་ཡང་བྱིས་པ་ཆུང་ངུ་ཞིག་ཡིན་ངེས་རེད།

    ཆུང་དུས་སུ་ང་རང་གྲོང་སྡེའི་སློབ་ཆུང་ནང་སློབ་སྦྱོང་བྱེད་དུས་ཀྱི་དགུན་ཁའི་ཉིན་ཞིག་ལ་གྲང་ངར་ཧ་ཅང་ཆེ་ཞིང་གནམ་ནས་ཁ་བ་བུ་ཡུག་འཚུབ་པས་ན། སློབ་གྲོགས་ཚང་མ་རྐང་འཕུར་ལག་འཕུར་བྱས་ནས་དེ་རིང་གནམ་གཤིས་གྲང་མོ་རེད་ཟེར་བའི་དུས་སུ། གློ་བུར་དུ་ངའི་ཨ་མ་ལེ་དབར་གསུམ་ཙམ་རྒྱང་བའི་ཁྱིམ་ནང་ནས་སློབ་གྲྭའི་ནང་ང་ལ་སློག་པ་སྐྱེལ་དུ་བསླེབས་བྱུང་། དུས་དེར་གནམ་གཤིས་གྲང་ངར་ཆེ་བས་ལུས་པོར་སློག་པ་གྱོན་ན་དྲོན་པོ་ནི་ལོས་ཡིན་མོད། འོན་ཀྱང་སློག་པ་རྙིང་ཧྲུལ་ཡིན་དྲགས་པས་སློབ་གྲོགས་ཚོས་འཕྱ་སྨོད་བྱེད་པར་དོགས་ནས་གྱོན་ན་མི་འཚམ། མ་གྱོན་ན་མི་འགྲིག ངས་ཀྱང་ཨ་མར་ཅུང་ཡི་མ་རང་བ་བྱས་མྱོང་།

    དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་ང་རང་ཡང་གྲོང་སྡེའི་སློབ་ཆུང་ནས་སློབ་མཐར་ཕྱིན་ནས་དམའ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་ཡོད། དེའི་སྐབས་སུ་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ངའི་ཨ་མས་ཟླ་ཕྱེད་རེ་ལ་རྩམ་པ་དང་མར་ཕྱུར་འདང་ངེས་ཤིག་འཁྱེར་ནས་ང་ལ་སྐྱེལ་དུ་འོངས་ཤིང་། ངའི་ཕ་སའི་གྲོང་སྡེ་དང་དམའ་རིམ་སློབ་འབྲིང་ཡོད་སའི་བར་སྤྱི་ལེ་སུམ་ཅུ་ཙམ་རྒྱང་བས་མ་ཚད་ད་དུང་ལ་ཆེན་མཐོན་པོ་ཞིག་བརྒལ་དགོས་པར་བརྟེན། རིམ་རྩིས་བྱས་ན་ཨ་མས་ངའི་ཆེད་དུ་ཟླ་བ་རེ་ལ་ལེ་དབར་བརྒྱ་དང་ཉི་ཤུ་ལྷག་གི་རྒྱང་ཐག་ནང་གོམ་ཁ་སྒྱུར་བའི་ངལ་དུབ་མྱོང་དགོས་པ་རེད། ལོ་གསུམ་རིང་ལ་ཨ་མས་དེ་ལྟར་རྒྱུན་འཁྱོངས་བྱས་ཡོད་རུང་ངལ་དུབ་ཆེ་ཚུལ་དང་ཚ་གྲང་གི་གདུང་བ་མྱོང་ཚུལ་ནི་ང་ལ་ཚིག་ཕྱེད་ཙམ་ཡང་ལབ་མ་མྱོང་། ཨ་མ་འོངས་ཐེངས་རེ་ལ་ངའི་གཟུགས་པོའི་བདེ་ཐང་དང་འཁྱག་ལྟོགས། སློབ་སྦྱོང་གི་འབྲས་བུ་བཅས་ཀྱི་སྐོར་ཞིབ་དྲིས་བྱ་རྒྱུ་ནི་གཏན་ནས་བརྗེད་མི་སྲིད། ཨ་མའི་ཐེངས་རེར་བསྐྱར་ཟློས་བྱས་པ་འདི་ངའི་རྣ་ལམ་དུ་ཐོས་སྐབས་ངས་ད་དུང་ཡི་མ་རང་བའི་རྣམ་འགྱུར་འཛིན་ནས་ཉིན་རྟག་པ་ཁ་མང་པོ་མ་བཟོས་ཞེས་མ་རུང་བའི་ཚིག་ངན་བརྗོད་མྱོང་མོད། ཨ་མའི་འཛུམ་དམུལ་དམུལ་ངང་ནས་དེ་ཟེར་རྒྱུ་ག་ན་ཡོད། ངས་ཁྱོད་ལ་སེམས་ཁྲལ་བྱེད་ལེ་རེད་ཅེས་པ་ལས་གཞན་ཅི་ཡང་བཤད་སྲོལ་མེད།

    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ཙམ་ལ་ང་རང་ཞིང་ཆེན་བོད་ཡིག་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་པར་བརྟེན། སློབ་གྲྭར་འགྲོ་སྐབས་ཨ་མས་ང་ལ་སློབ་གྲྭ་ལ་བསླེབ་རྗེས་དགེ་རྒན་གྱི་ཁ་ཏ་སློབ་གསོ་ལ་ཡག་པོ་ཉོན། སློབ་སྦྱོང་ཡག་པོ་གྱིས་ཟེར་རྗེས། ཡང་ནས་ཡང་དུ་ཨ་མ་ལ་ཡི་གེ་མང་པོ་སྐུར་ཤོག་ཟེར། ངས་ཨ་མཚར་རྩེད་མོ་བརྩེས་ནས་ཡེ་གེ་མང་ཉུང་ཅི་ཙམ་བསྐུར་ཡོང་རྒྱུ་ཡིན་ཟེར་བ་ན། ཨ་མས་ཟླ་ཕྱེད་རེ་ལ་ཐེངས་རེ་སྐུར་ཤོག ཅི་རེད་ཟེར་ན་ངས་ཟླ་ཕྱེད་རེ་ལ་ཁྱོད་དང་ཐུག་རྒྱུའི་གོམས་གཤིས་ཆགས་ཡོད་རེད་ཅེས་ཟེར། སློབ་གྲྭར་བསླེབས་པའི་སློབ་དུས་དང་པོར་ཨ་མ་དང་ཕ་ཡུལ་དྲན་པས་ཡི་གེ་བསྐུར་ཐེངས་ཅུང་མང་རུང་། ཕྱིས་སུ་ཡི་གེ་སྐུར་དུས་མང་པོ་ཅི་བཤད་རྒྱུ་མེད་པ་འདྲ། ལོ་རྒྱུས་དང་སྙན་ངག མངོན་བརྗོད་སྐོར་བཤད་ན་ཨ་མས་མི་ཤེས། ལང་ཚོ་དར་བའི་བསམ་ཚུལ་ནི་བཤད་མི་བདེ། ཁ་རོག་སྟོང་བསམ་ཀྱི་ལྷུག་རྩོམ་ཞིག་བྲིས་ན་ཨ་མས་གོ་བ་མི་ལེན། ཡི་གེ་སྐུར་ཐེངས་རེར་ཡང་ཟློས་བསྐྱར་ཟློས་ཀྱིས་རང་གི་སྦྱངས་འབྲས་ཡག་པོ་ཐོབ་ཡོད། འཚོ་བ་ཡག་པོ་ཡིན། འཁྱག་ལྟོགས་ཐད་སེམས་ཁྲལ་གནང་མི་དགོས་ལ་སོགས་པའི་ཚིག་བསྐྱར་ཟློས་མ་འགའ་དེ་རེད་སྙམ་ནས་ཨ་མར་ཡི་གེ་བསྐུར་རྒྱུ་ཇེ་ཉུང་དུ་སོང་།

    འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ལས་བྱེད་པའི་གྲས་སུ་ཚུད་པས་མ་ཚད་ངས་ཀྱང་འཇིག་རྟེན་འཁོར་བའི་ཆོས་ཉིད་ལྟར་ཁྱིམ་ཚང་བསྐྱངས་པ་ཡིན། དུས་དེ་ནས་བཟུང་ཨ་མའི་སྐུ་མདུན་བཅར་རྒྱུ་ཧ་ཅང་ཉུང་ངུ་གྱུར། ལོ་རྟག་པའི་ལོ་སར་སྐབས་སུ་ཕ་ཡུལ་ལ་འགྲོ་དུས། ཨ་མའི་སེམས་ཕམ་པ་ནི་ལོས་ཡིན། ཡུན་རིང་པོར་ཁོ་ལ་ལྟ་ས་མི་ཡོང་དོན་ཅི་ཡིན། ཡི་གེ་བསྐུར་རྒྱུ་དེ་ཉིན་མོའི་སྐར་མ་ལྟར་གྱུར་དོན་ཅི་རེད། དངོས་གནས་མ་སྙིང་འོ་མ། བུ་སྙིང་རྡོ་རེད་ཅེས་ཨ་བཤད་ཡང་བཤད་བྱས་པས་ན། ངས་ལས་ཁུངས་ཀྱི་ལས་ཀ་མང་བ་ལ་སོགས་པའི་ཁ་གཡར་སའི་ཚིག་མང་པོ་བཙལ་ནས་ལས་ཀ་བྲེལ་བ་ཆེན་པོ་ཡིན་མདོག་བྱས་མྱོང་། ཕྱིར་ལས་ཁུངས་སུ་ལོག་དུས་ཨ་མས་ང་ལ་ཁྱོད་རང་ལས་དོན་སྒྲུབ་སར་ས་ཁད་མཐོ་ཞིང་གནམ་གཤིས་གྲང་མོ་རེད། ངས་ཁྱོད་ལ་བལ་གྱི་སྟོད་ཐུང་དོར་མ་ཆ་གཅིག་སླས་ཡོད་ཁྱོད་ཀྱིས་ཁྱེར་སོང་། གནམ་གྲང་དུས་དེ་གྱོན་དང་དྲོད་ལེ་རེད་ཟེར། ད་དུང་ངས་ཁྱོད་ལ་མར་ཕྱུར་ཕྲན་བུ་དང་རྩམ་པ་སོས་མ་ཕྲན་བུ་ཞིག་ཁུག་མའི་ནང་བཅུག་ཡོད་ཁྱོད་ཀྱིས་ཁུར་སོང་། ལས་ཁུངས་འགོ་ཁྲིད་ཀྱི་བཀའ་ལ་ཉོན། ལས་དོན་ཡག་པོ་སྒྲུབས་ཤིག བཤད་རྒྱུ་མང་པོ་མ་བཟོས། ཕྱིར་འགྲོ་རྗེས་ཡི་གེ་མང་པོ་སྐུར་ཤོག་ལ་སོགས་པའི་ཟོལ་མེད་ཀྱི་གཏམ་མང་པོ་ཞིག་བཤད་རྒྱུ་ནི་ཨ་མའི་ལུགས་སྲོལ་ཞིག་ཏུ་གྱུར་པ་རེད།

    དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་ང་རང་ཡང་གཞན་གྱི་ཕ་མར་གྱུར་ནས་བུ་མོ་སློབ་གྲྭའི་ནང་སྐྱེལ་བའི་དུས་སུ་བསླེབས་ཤིང་། བུ་མོ་སློབ་ཆུང་གི་ལོ་རིམ་བཞི་པ་འདོན་པའི་སྐབས་ཀྱི་དབྱར་ཁའི་ཉིན་ཞིག་ལ་ཆར་པ་བབས་ཤིང་མུན་རུབ་ལ་ཉེ་ཡང་བུ་མོ་ད་རུང་ཁྱིམ་དུ་སླེབས་མ་སོང་། བཟའ་ཟླ་ངེད་གཉིས་སེམས་འཚབ་ནས་སྒུག་བཟོད་མེད་པར་ཆར་གདུགས་ཁུར་ནས་སློབ་གྲྭའི་ནང་ལྟ་སར་འགྲོ་དུས། བུ་མོ་ད་རུང་སློབ་གྲྭའི་ནང་སློབ་གྲོགས་དང་རྩེད་མོ་བརྩེས་ནས་བསྡད་འདུག རྣམ་པ་དེ་མིག་མཐོང་ལག་ཟིན་བྱུང་དུས་ཨ་མས་ང་ལ་གསུངས་མྱོང་བའི་མ་སྙིང་འོ་མ། བུ་སྙིང་རྡོ་ཟེར་བའི་གནས་ལུགས་འདི་གློ་བུར་དུ་རྟོགས་ཤིང་། སེམས་ཁྲལ་ཟེར་བའི་ཚོར་སྣང་ལ་གཟོད་ནས་ཉམས་སུ་མྱོང་བ་ཡིན། བུ་རྒྱུད་ནི་ཕ་མའི་སེམས་ནང་དུས་ནམ་ཡང་བྱིས་ཕྲུག་ཅིག་ལས་མ་འདས་སོ ། ། །།

  • ལེ་ཚན་སྔོན་མ།:དབྱར་ཐ་མའི་སྙན་ངག
  • ལེ་ཚན་རྗེས་མ།:སླར་ཡང་སྟོད་ཉི་མ་ལྷ་སར་སླེབས་པ།