མི་མཁས་པ་སླེབས་མའི་སྔོན་མ།

བཅོ་ལྔ་ལྷ་མོ།        2019-09-18

   ས་འཛིན་གྱི་ཕྲེང་བ་ཚར་དུ་དངར་བའི་ཁ་བ་གངས་ལྗོངས་ཀྱི་ཡུལ་གྲུ་འདི་ལ། མི་མཁས་པ་སླེབས་པའི་སྔོན་མ། དཔའ་རྟིང་མ་ལེན་པའི་སློབ་དཔོན། ཁྱེད་ཉིད་བྱོན་པ་ནས། ཁྲི་གདུགས་ཉི་མའི་དྲོད་དང་བསྟུན་ནས་པདྨའི་མེ་ཏོག་འདབ་བརྒྱ་གྲོལ། རྒྱ་མཚོའི་མ་མའི་བསིལ་ཡབ་ཁྲོད་ནས་ཀུ་མུད་མེ་ཏོག་གཟི་མདངས་བཀྲ། ཁྱེད་ཉིད་བྱོན་པ་ནས། ཤེས་རིག་གི་སྒྲོན་མེ་སྦར་ཏེ་མ་རིག་པའི་རྨོངས་མུན་བཅོམ། སྐྱེ་སྟོབས་ལྡན་པའི་མྱུ་གུ་འབུས་ཏེ་རེ་བའི་ལོ་འདབ་རབ་ཏུ་རྒྱས། ཤེས་བྱའི་རིག་གནས་ཀྱི་དཔལ་ཡོན་བསུས་ནས་འབྲས་བཟང་གི་མེ་ཏོག་ཆར་དུ་བསྙིལ།

   ཐོན་མི་ལགས། བཀའ་དྲིན་ཆེ། ཁྱེད་ཉིད་ནི་རིག་པའི་དཔའ་བོ་ཞིག་སྟེ་ཚ་གདུག་ལ་མི་འཇིགས་པར་ང་ཚོ་བོད་མི་རིགས་ཀྱི་ཆེད་དུ་རྒྱ་གར་འཕགས་པའི་གནས་སུ་ཕེབས། བྲམ་ཟེ་ལི་བྱིན་ཀ་ར་དང་པཎྚི་ཏ་ལྷ་རིག་པའི་སེང་གེ་གཉིས་ལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལེགས་པར་བསྟེན་ནས་ཡིག་རིགས་དུ་མར་བསླབས་ཏེ། ཚུར་རང་ཡུལ་ལ་བྱོན་ཏེ་གདོད་མའི་མི་རིགས་ཀྱི་སྐད་དང་མཐུན་པའི་དབྱངས་གསལ་སོ་བཞིའི་གདངས་དང་ཡིག་གཟུགས་གསར་མཛད་གནང་། དུས་དེ་ནས་བཟུང་། ཆོལ་གསུམ་བོད་ཀྱི་ཡུལ་གྲུ་འདི་ནི་མུན་ནག་གི་འཇིག་རྟེན་དང་བྲལ་ཞིང་། ཤེས་རིག་གི་ཉི་ཟེར་ཁྱབ་པའི་ཞིང་ཁམས་དངོས་མར་གྱུར། བེམ་པོ་ལ་བླ་སྲོག་ལྡན་པ་ཇི་བཞིན། ཁ་བ་ཅན་གྱི་མི་རིགས་འདི་རྨོངས་པའི་ལྕགས་སྒྲོག་ལས་གྲོལ་ཏེ་ཤེས་རིག་གི་ཞིང་ཁམས་ལ་འགྲིམས་ནས་དཔའ་མཛངས་ལྡན་པའི་དཔྱོད་ལྡན་གྱི་ལམ་ལ་ཆས། ང་ཚོ་བོད་མི་རིགསཀྱི་ཐུན་མོངས་མ་ཡིན་པའི་སྐད་དང་ཡི་གེ་ནི་འཛམ་གླིང་གི་རྒྱན་དུ་གྱུར། དུས་དེ་ནས་བཟུང་། མཁས་ཆེན་གསེར་རིའི་ཕྲེང་བ་བཞིན་ཁ་བ་གངས་ཅན་གྱི་མཛེས་རྒྱན་དུ་ཕེབས་ཤིང་། རི་བོའི་གཏོས་དང་མཉམ་པའི་གཙུག་ལག་རིག་གནས་ཤིག་འཛུགས་སྐྲུན་བྱས་ཡོད། ཐོན་མི་ཁྱེད་ཀྱི་སྙིང་སྟོབས་དང་རྣམ་དཔྱོད་ཀྱིས་རྗེས་རབས་པར་ཡར་སྐུལ་གྱི་སྐུལ་ལྕག་ཐེབས་ཤིང་། ཁྱེད་ཉིད་ཀྱི་བཀའ་དྲིན་དེ་སྙིང་ཁོངས་རུས་པའི་གཏིང་ལ་རྡོ་བརྐོས་རི་མོ་ཇི་བཞིན་དུ་འཛིན་ངེས་ཡིན། ང་ཚོ་ནི་དུས་རབས་གསར་བའི་གངས་ལྗོངས་ཀྱི་བདག་པོ་ཡིན། ང་ཚོ་ནི་སློབ་དཔོན་ཁྱེད་ཉིད་ཀྱི་གསར་གཏོད་མཛད་པའི་སྐད་ཡིག་གི་བདག་པོ་ཡིན། འཛམ་གླིང་རིག་གནས་ཀྱི་རྐང་འཛིན་ཡིན། ང་ཚོ་ལ་བོད་ཡིག་དང་བོད་ཀྱི་རིག་གནས་མཐའ་དག་དར་སྤེལ་གཏོང་བའི་ལྗིད་ཏིག་ཏིག་གི་འོས་འགན་ཡོད་ལ། ང་ཚོས་སློབ་དཔོན་ཁྱེད་ཉིད་ཀྱི་བཀའ་དྲིན་དེ་དྲན་འཛིན་གྱི་མེ་ལོང་ངོས་སུ་བཟུང་སྟེ། ཁྱེད་ཉིད་ཀྱི་སྙིང་སྟོབས་དང་སྤོབས་པ་ལ་དུས་ནམ་ཡང་སློབ་སྦྱོང་བྱས་ཏེ་མ་འོངས་པའི་མཛེས་སྡུག་ལ་རེ་སྙེག་དང་མདུན་སྐྱོད་བྱེད་ངེས།

   སློབ་དཔོན་ལགས། ཁྱེད་ཉིད་བྱོན་པ་ལས་ང་ཚོའི་སེམས་ནང་ལ་བདེ་སྐྱིད་ཁྱབ་ཅིང་མདུན་ལྗོངས་ལ་འོད་སྣང་གིས་འཁྱུད། གལ་ཏེ། ཁྱེད་ཉིད་མ་བྱོན་ན་ང་ཚོའི་མི་རིགས་འདི་ནི་ལག་སྟོང་ཡིན་ལ་འཛམ་གླིང་སྟེང་ན་མིང་རྟགས་ཙམ་ཡང་ཡོད་དཀའ་བའོ།། ཁྱེད་ཉིད་མ་བྱོན་ན་ཤེས་བྱའི་སྦྲང་རྩི་མངར་མོར་ཇི་ལྟར་རོལ། ཁྱེད་ཉིད་མ་བྱོན་ན་སྙན་ངག་རྒྱལ་པོའི་བླ་ཤིང་འདི་ཡང་སྐམ་པོ་རེད། ཁྱེད་ཉིད་མ་བྱུང་ན་ལོ་རྒྱུས་བཤད་པའི་སྨྲ་ལྕེ་འདི་ཡང་ལྐུགས་པ་རེད། དེ་བས། སློབ་དཔོན་ལགས། དབྱངས་གསལ་སོ་བཞིའི་རྒྱན་ཆ་མགྲིན་པ་རུ་མཛེས་ཤིང་། བཅུ་ཕྲག་ནོར་བུའི་གཟི་མདངས་རྒྱན་ཆ་རུ་འདོགས་པའི་ང་ཚོ་སྟེ། མ་འོངས་པར་ཤེས་རིག་གི་རྟ་ཕོར་བཅིབ་སྟེ་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ཏེ་མུ་མེད་ཀྱི་ཐང་ཆེན་དུ་ལྷོད་ཀྱིས་རྒྱུག དེ་ནི་ཁྱེད་ཀྱི་རེ་བའང་ཡིན་ལ་ང་ཚོས་ཁྱེད་ལ་འཇལ་བའི་དྲིན་ལན་ཡང་ཡིན་སྲིད།།  


  • ལེ་ཚན་སྔོན་མ།:བཀའ་དྲིན་མཚུངས་པ་མ་མཆིས་པའི་དགེ་རྒན་དམ་པའི་རྗེས་དྲན་ཀ་ལིའི་ཕྲེང་བ་པདྨ་རཱ་གའི་དོ་ཤལ།
  • ལེ་ཚན་རྗེས་མ།:སུ་ཡིན། ཁྱེད་ཡིན། བོད་མི་ཞིག