བཀའ་དྲིན་མཚུངས་པ་མ་མཆིས་པའི་དགེ་རྒན་དམ་པའི་རྗེས་དྲན་ཀ་ལིའི་ཕྲེང་བ་པདྨ་རཱ་གའི་དོ་ཤལ།

ཁ་བའི་རྒྱལ་སྲས།        2019-09-12

ཀ་ཡེ་གསོན་དང་དྲིན་ཆེན་དགེ་རྒན་ལགས། །

ཁ་སེམས་གཙང་མའི་ངང་ནས་ཁྱེད་རང་དྲན། །

ག་ནས་སེམས་ཀྱང་ཁྱེད་ཀྱི་བཀའ་དྲིན་ནི། །

ང་ཡིས་འཇལ་དཀའ་སྙིང་ནས་ཡང་ཡང་སེམས། །


ཅ་ཅོའི་འདུ་འཛི་ལེ་ལོའི་དབང་མ་སོང་། །

ཆ་ཚང་ཤེས་རིག་སློབ་པའི་མཐུན་རྐྱེན་ལས། །

ཇ་མར་ལོངས་སྤྱོད་ཚེ་འདི་དོན་མ་གཉེར། །

ཉ་རྒྱས་ཟླ་དཀར་མདངས་མཚུངས་ཁྱེད་རང་དྲན། །


ཏ་ཐའི་བསྟན་པ་འཛིན་ལ་ཟླ་བྲལ་ཞིང་། །

ཐ་མལ་རྨོངས་པའི་ལིང་ཐོག་བསལ་མཛད་པའི། །

ད་ལྟ་ཞི་དབྱིངས་གཤེགས་ནས་ཡུན་རིང་ཡང་། །

ན་རཀ་སྒྱུ་མའི་གྲོང་ལ་གཟིགས་སུ་གསོལ། །


པ་སངས་མདངས་འདྲའི་བྱམས་སེམས་ཉིད་ལ་མངའ།།

ཕ་ལོ་འདྲ་བའི་སྙིང་སྟོབས་ཁྱེད་ལ་ལྡན། །

བ་ལང་འདྲ་བའི་བདག་སོགས་ལམ་ལ་དྲོངས། །

མ་ལོ་ཞིག་གིས་བྱམས་བརྩེས་བསྐྱངས་བ་དྲན། །


ཙ་རིའི་སྨན་ལྗོངས་མདོ་ཁམས་ལྷོ་ཟླའི་ཆར། །

ཚ་ཟེར་མཁའ་ཡི་ནོར་བུ་འབྱོན་པ་ལྟར། །

ཛ་ལང་མུན་སྟུག་དྲ་བའི་སྨག་རུམ་ཆེ། །

ཝ་ལེར་ཉིན་བཞིན་བསལ་མཛད་ཁྱེད་ཉིད་ལགས། །


ཞྭ་བཞིན་གཙུག་ཏུ་བཀུར་འོས་དགེ་རྒན་ཁྱེད། །

ཟ་ཉལ་དུས་ཀུན་མི་བརྗེད་སྐུ་དྲིན་ཅན། །

འ་ཅག་ལས་སྔོན་བཟང་པོས་ཚེ་འདིར་མཇལ། །

ཡ་མཚན་ཐར་བའི་གླིང་དུ་མཇལ་བར་ཤོག །


རྭ་ལྡན་ཕྱུགས་དང་འདྲ་བའི་བསམ་མེད་ངས། །

ལ་ལ་ལེགས་བཤད་ཉིད་དུ་མ་གོ་བར། །

ཤ་ཚ་སྙིང་རྗེའི་ཡུལ་གྱུར་ལས་བསགས་ཀུན། །

ས་གསུམ་སྲིད་པའི་གྲོང་ནས་འགྱོད་བཤགས་ཕུལ། །


ཧ་ལམ་ཙམ་གྱི་རྗེས་དྲན་ཡིན་ཁུལ་ལ། །

ཨ་སྔོན་མི་ཞིག་དབྱིངས་ནས་ཐུགས་རྗེས་སྐྱོངས། །

ཧ་ཅང་དད་འདུན་ཟབ་མོའི་གདུང་དབྱངས་འདི། །

ཨ་ག་མ་དེ་ཁ་བའི་རྒྱལ་སྲས་ཀྱིས། །



  • ལེ་ཚན་སྔོན་མ།:དྲི་མེད་སེམས་ཀྱི་ལྷ་དར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།