དབྱངས་གསལ།

ཐུབ་བསྟན་བཀྲ་ཤིས།        2019-04-08

    འཇིག་རྟེན་འདིར་མི་རེར་ལས་སྐལ་རེ་ཡོད་པ་ནི་ཚང་མས་ཤེས་གསལ་རེད། ལ་ལ་ས་བོན་གྱི་ལང་ཚོ་འཁྲུངས་སའི་གཤིན་སར་འཚམ། ཡང་ལ་ལ་མུ་མེད་རྩྭ་ཐང་ལ་ཆགས་པར་རན། ངའི་ལས་སྐལ་སྣ་འཛོམས་རིག་པའི་གླིང་ལ་ཡོད། ངས་བསོད་ནམས་ཀྱི་ཚོགས་ལས་འདི་ལ་ལོངས་སྤྱོད་ཐུབ་པ་ནི་ཇི་འདྲའི་དགའ་བ་ལ་ཨང་།

    དྭངས་གཙང་གི་བྱིས་བློ་ལ་སྦྲང་ཆར་གྱི་བཅུད་འཐོར་ཏེ། ཀ་ཁའི་དབྱངས་ངག་གྱེར་བ་ནས་བཟུང་ང་ནི་ཤེས་རབ་བླ་མའི་གདུལ་བྱ་རུ་གྱུར་ཞིང་། ཁྱེད་ནི་ངའི་ཟན་སྐལ་དུ་གྱུར། ཡིན་ནའང་། གདོད་མ་ནས་བཟུང་ངས་ཁྱེད་ལ་དགའ་བ་མིན་ཏེ། ཁྱེད་དང་མཉམ་འགྲོགས་ཀྱི་ལོ་ཟླ་དང་། ཕ་མས་ཁྱེད་དང་འབྲེལ་འདྲིས་ཀྱི་ལས་དབང་བསྒྲིགས་པ་དེར་ངས་འཁང་ར་བྱས་མྱོང་། དོན་དངོས་སུ་དེ་དུས་ང་ལ་སྐར་མ་ཟེར་བའི་རྩེ་གྲོགས་དང་རྟ་འདོ་བ་ཟེར་བའི་ཞོན་པ་ཞིག་ལས་ཅི་ཡང་མི་བསམ་མཁན་ཞིག་ཡིན། མདོར་ན་དེ་དུས་ངའི་བསམ་པ་སྟོང་བ་ཉིད་དོ།།

    ཉིན་ཞག་གི་བང་རིམ་བརྩེགས་ཏེ་ལོ་ན་ཡི་ཕྲེང་བ་དལ་གྱིས་བརྒྱུས་ཙ་ན། ཁྱེད་ནི་ཆིག་ལབ་གང་ཡང་མི་ཤེས་བ་ཞིག་ཡིན་པ་བཙལ་ཀྱང་གསང་བའི་སྒྱེ་རིང་མོ་ཞིག་འདྲུད་ཡོད་པ་མཐོང་། དུས་དེ་ནས་འགོ་བརྩམས་ཏེ་ངས་ཁྱེད་ཀྱི་རིག་སེམས་ལ་གསང་བའི་གནས་ལ་གཞིགས་པའི་བཀའ་གཙིགས་བསྩལ། ཁྱེད་ཀྱི་ཨ་ཆེན་གྱི་ཐང་ནས་འདུར་རྒྱུགས་བྱེད་བཞིན་ཡོང་། གཏིང་མཐར་བྲལ་བའི་གསང་བ་གང་མང་ཞིག་དང་། གླེང་མི་ཚར་བའི་གཏམ་རྒྱུད་རིང་མོ་ཞིག་ཁྱེད་ལ་བདོག་པ་རྟོགས། ཁྱེད་ནི་བཅུད་བརྒྱ་སྣ་འཛོམས་ཅན་གྱི་ཟན་སྐལ་ཞིག་ཡིན་པའང་མཁྱེན། སྲེན་གྱིས་བྲེད་དང་ལུས་སྲོག་བཏང་ཡང་དགོས་པའི་དཀའ་ངལ་ལ་ཕྲད་ཀྱང་དམ་ཚིག་མ་ལྷོད་པར་ཁྱེད་ཀྱི་རྗེས་སུ་འབྲངས།

    རྟག་ཏུ་ཁྱེད་དང་ལྷན་དུ་འགྲོགས་ན་འདོད། ཁྱེད་ཀྱིས་ང་ལ་བརྗོད་ཀྱིས་མི་ལང་བའི་དགའ་བ་བསྩལ་ལ། སྤྱད་མི་ཚར་བའི་སེམས་ཀྱི་ལོངས་སྤྱོད་སྟེར། ཁྱེད་ནི་ངའི་མཛའ་གྲོགས་ཡིན་ལ། ངའི་སེམས་པ་འཁྲེང་སའི་ལྷ་མོ་དེའང་ཡིན། ང་ཡི་དབྱངས་གསལ།

  • ལེ་ཚན་སྔོན་མ།:ང་ཡི་ནམ་མཁའ། ང་ཡི་ས་གཞི།
  • ལེ་ཚན་རྗེས་མ།:སྣང་བྱེད་ལྟ་བུའི་ཁྱོད།