ང་ཡི་ནམ་མཁའ། ང་ཡི་ས་གཞི།

མགར་ཐང་དཀར།        2019-04-08


དྭངས་གཙང་གི་སྔོ་མདངས་མ་ཡལ་བའི་གཡུ་ཡི་མེ་ལོང་། སྐྱེ་དངོས་ཀྱི་མགོ་ལྕོག་ལྡེམ་པའི་གསེར་གྱི་ཞིང་ཚུགས། ང་ཡི་ནམ་མཁའ་དང་ང་ཡི་ས་གཞི།


གནའ་སྔ་མོའི་དུས་སུ་ནམ་མཁའ་ལྷ་ཡི་བཞེངས་ཚུལ་དང་། ས་གཞི་ན་དུས་ཀྱི་འགྱུར་བག་དང་བསྡོངས་ནས་གྲུབ་པར་བཤད། གང་ལྟར། གཡུ་སྔོན་གྱི་ནམ་མཁར་སྤྲིན་པས་ཕྲ་རྒྱན་བཏབ་པ་ངའི་བདེན་པ་ཡི་མིག་ཡིན་ལ། གསེར་མདོག་གི་ས་གཞིར་སྐྱེ་དངོས་ཀྱིས་བ་གདན་བཏིངས་པ་ངའི་མ་འོངས་བའི་གདམ་ཀ་ཉག་ཅིག་གོ། དེ་ཡང་ནམ་མཁའ་དང་ས་གཞིས་བགྲངས་ཡས་པའི་སྐྱེ་དངོས་ཀྱི་ཚེ་སྲོག་ལ་ཉམས་མི་སྲིད་པའི་འཚོ་བའི་རྒྱགས་ཕྱེ་བསྩལ་མྱོང་ཞིང་། གྲང་མི་ནུས་པའི་དྲོད་ཀྱི་སྤྲོ་བའང་སྦྱིན་མྱོང་། ད་དུང་ཤང་ཤང་འབབ་པའི་མི་སེམས་ཀྱི་གཙང་བོའི་ངོགས་སུ་ནམ་མཁའ་ཡབ་དང་ས་གཞི་ཡུམ་དུ་བརྩིས་ཡོད་པར་གདའ།


ཡང་གཅིག་བཤད་ན་མི་བུ་སོ་སོའི་ལས་དབང་གི་པང་ཁར་གཡུ་སྔོན་གྱི་ནམ་མཁའ་དང་གསེར་མདོག་གི་ས་གཞི་བརྙན་འཕྲིན་གྱི་འཆར་ངོས་སུ་མི་ཡི་གཟུགས་རིས་ཤར་བ་ཇི་བཞིན་གསལ་ཆ་དང་རྒྱུས་མངའ་ཆེ་དྲགས་པ་དེ་ཡང་ནམ་མཁའ་དང་ས་གཞི་ནི་འཇིག་རྟེན་འདིར་སྤྲོ་སྐྱིད་དང་ཁུ་སིམ་སྟེར་མཁན་གྱི་མགོན་དུ་བརྩིས་ཆོག་ཆོག་ཡིན་པས་མ་ཡིན་ནམ། དེ་བས། ངས་ནམ་མཁའ་དང་ས་གཞིའི་གཟུགས་རིས་ཚོན་མདོག་ཁྲི་ཡིས་བསྡེབས་ཏེ་ཤོག་ངོས་སུ་ཕབ་ན་འདོད། ད་དུང་གཟུགས་རིས་གསོན་པོ་དེའི་གཤམ་དུ་རོ་བཅུད་ལྡན་པའི་སྙན་ངག་གི་ཁ་བ་བྲི་འདོད། དེ་ནི་ནམ་མཁས་ང་ལ་དྭངས་གཙང་གི་འཇིག་རྟེན་དེ་ངོས་ཟིན་དུ་བཅུག་པས་ཡིན་ལ། ས་གཞིས་ང་ལ་ཆེས་རིན་བྲལ་ཚེ་སྲོག་གི་ཡང་སྙིང་རྟོགས་སུ་བཅུག་པས་ཡིན།


དེ་རིང་ལྷོ་ཡི་ཕྱོགས་ན་སྤྲིན་པ་ཡོམ་ཡོམ་དུ་ལྡིང་བ་གན་ང་ཡི་ནམ་མཁའ་ཡིན་ལ། དེ་རིང་མིག་མདུན་དུ་རྩི་འགོས་གླུ་དབྱངས་གཏོང་བ་འདི་ནི་བདག་གི་ས་གཞིས་མིའི་རིགས་ཀྱི་བདེ་སྡུག་གླེང་བ་ཅི་ལ་མིན། རྒྱུ་དང་རྐྱེན་ཁྲི་འབུམ་གྱི་དབང་གིས། ནམ་མཁའ་དང་ས་གཞིས་གྲངས་དབེན་པའི་ཚེ་སྲོག་མང་པོ་ཞིག་གི་བདེ་སྡུག་ཞབས་ཀྱིས་བཀྱགས་ཤིང་འཁུར་དུ་བླངས། དེ་ནི་ང་ཡི་དྭངས་གཙང་གི་ནམ་མཁའ་ཡིན་ལ། མཛེས་སྡུག་གི་ས་གཞིའང་ཡིན་པར་ངེས།


སྤྲིན་པའི་སྒྲོག་གུ་ཅན་གྱི་གཡུ་སྔོན་གྱི་ནམ་མཁའ། པདྨོའི་ཁ་ཐས་ཅན་གྱི་སྐྱེ་དངོས་ཀྱི་མ་མ། བདག་གིས་ཚོར་བ་རྫུན་གྱིས་མ་བཀབ་པར་གསལ་བོར་བརྗོད་ན། དོ་ནུབ་ནམ་མཁར་ང་ཡི་ཡབ་དང་ས་གཞིར་ང་ཡི་ཡུམ་ཞེས་སྐད་གསང་མཐོན་པོས་ལ་གཞས་སྟོངས་ཡངས་པའི་འཇིག་རྟེན་གྱི་ཐོས་འཛིན་དུ་སྐྱེད་འདོད། དེ་ནི་ང་ཡི་དྲན་འཛིན་གྱི་བདེན་པ་འདིའི་རྟགས་ཡིན་ལགས།། །།

  • ལེ་ཚན་སྔོན་མ།:རང་ཁྱིམ།
  • ལེ་ཚན་རྗེས་མ།:དབྱངས་གསལ།