ཕ་སེམས་འཁོར་སའི་བུ་ཆུང་།

རྣམ་གླིང་རིན་ཆེན།        2018-07-30

   སྐྱེ་བ་སྔ་ཕྱིའི་འཁོར་ཕྱོགས་ཤིག་གམ། རྒྱུ་དང་རྟེན་འབྲེལ་དུ་མའི་སྐལ་རྫོགས་ལ་བརྟེན་ནས། སྐྱེ་བ་འདིར་སྙིང་ཉེ་བའི་བུ་ཆུང་ཁྱོད་དང་ལོ་ན་བགྲེས་པའི་ཕ་རྒན་ངའི་བར་ལ་སུས་ཀྱང་བསྙོན་དུ་མེད་པའི་ཕ་བུ་ཡི་ལས་སྐལ་ཐོབ།

   ལྷ་བླ་མ་དཀོན་མཆོག་གི་ཐུགས་རྗེའི་འོད་ཟེར་དང་། བྱམས་བརྩེའི་བཀའ་དྲིན་ལ་བརྟེན་ནས། ཁྱོད་རང་ཕ་མ་ཟུང་གི་བརྩེ་ཞེན་གཉོར་སྐྱོང་འོག་མེ་ཏོག་དང་བསྡེབས་ནས་དལ་གྱིས་འཚར་བྱུང་།

    བུ་ཆུང་ཁྱོད་ཀྱིས་ཕ་རྒན་ང་ལ་འཇིག་རྟེན་འདིར་ཆེས་དྲོད་ཁོལ་གྱིས་ཕྱུག་པའི་ཁྱིམ་ཚང་ཆུང་ངུ་ཞིག་གནངས་ཤིང་། ཕ་རྒན་ང་དུ་བ་དང་ཆང་རག་རྒྱན་འཛུགས་ལས་རྒྱང་དུ་གྱེས་སུ་བཅུག བུ་ཆུང་ཁྱོད་ཀྱིས། ཕ་རྒན་ང་ལ་རང་ཉིད་ཀྱི་ཕ་མ་ཟུང་གི་བཀའ་དྲིན་ཤེས་སུ་བཅུག་ཅིང་། ཕ་མ་ཞིག་གི་རླབས་ཆེའི་ལོ་རྒྱུས་རྟོགས་སུ་བཅུག ཁྱོད་ཁོ་ན། ཕ་རྒན་ངའི་སེམས་ཀྱི་ཁྱིམ་གཞིས་དང་། ཞེན་ཆགས་བྱ་ཡུལ་ཉག་ཅིག་ཡིན། ཁྱོད་ཁོ་ན། ཕ་རྒན་ངའི་མི་ཚེ་འདིའི་བདེ་སྐྱིད་ཀྱི་འབྱུང་རྩ་དང་རེ་བ་བཅོལ་ཡུལ་ཁེར་བུ་ཡིན།

    བུ་ཆུང་ཁྱོད་ཀྱི་སླད་དུ། ཕ་རྒན་ངས་དཀའ་བ་མཐའ་དག་འཛུམ་གྱིས་བསུས་ཤིང་། མིག་ཆུ་དང་སྐྱོ་བ་མཐའ་དག་ཕ་མཐར་སྤྱུགས། ཁྱོད་ཁོ་ན། ཕ་རྒན་ངའི་མིག་ཟུང་གི་གཏད་ཡུལ་དང་། ཡིད་སེམས་ཀྱི་གླན་ཡུལ་ཡིན། ཁྱོད་ཀྱི་སླད་དུ། ཁྱོད་ཀྱི་ཨ་ཕ་དང་ཨ་མ་གཉིས་པོས་བརྩེ་དུང་རྣལ་མའི་རྨུ་ཐག་གཅིག་ལ་སྦྲེལ་ཞིང་། བརྩེ་ཞེན་ཟབ་མོའི་ཨ་ལོང་གཅིག་ཏུ་བརྒྱུས་ཏེ། ཁྱོད་ལ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་རྔུལ་ཁྲག་དང་མིག་ཆུས་བཞེངས་སྐྲུན་བྱས།

   གཉེར་མའི་དྲ་བས་བཅིངས་པའི་ཁྱོད་ཀྱི་ཕ་རྒན་ངས། ཁྱོད་ལ་མང་པོ་མང་པོ་ཞིག་ལག་རྟགས་སུ་འབུལ་དགོས་ བསམས་ཀྱང་། ཁྱོད་རང་འཇིག་རྟེན་འདིའི་ཆེས་སྙིང་དུ་སྡུག་པའི་བུ་ཕྲུག་ཞིག་ཏུ་གྱུར་བར་བརྩོན་ཡང་། ཕ་རྒན་ངའི་འཇོན་ནུས་ལ་ཚད་བཀག་ཡོད་པས། ཁྱོད་ལ་ཅི་ཡང་སྦྱིན་མ་ནུས། འོན་ཀྱང་། ཕ་རྒན་ངས་ཁྱོད་ལ་ཀ་མད་སུམ་ཅུའི་དབྱངས་རྟ་འགྱུར་ཁུག་ཏུ་དྲངས་སུ་བཅུག་ཅིང་། ཁྱོད་ལ་བོད་མི་ཞེས་པའི་འོད་གསལ་ལྷ་ཡི་གདུང་རྒྱུད་ཞིག་གི་བརྟུལ་ཞུགས་འཛིན་དུ་བཅུག ཁྱོད་ནི་ཨ་ཕ་ང་གཤོག་ཟུང་ངོམས་ནས་དགུང་ལ་འཕུར་ཡུལ་གྱི་ནམ་མཁའ་དང་། དྲན་སེམས་འཁོར་ཡུལ་གྱི་དྲན་ཤིང་འབའ་ཞིག་ཡིན། ཁྱོད་ཁོ་ན། ཨ་ཕ་ང་འཇིག་རྟེན་འདི་རུ་འཚོ་བའི་སྒུལ་ཤུགས་གཅིག་པུ་དང་། ཨ་ཕ་ང་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་འབད་པར་གཞོལ་བའི་རྒྱུ་རྐྱེན་གཅིག་པུའང་ཡིན།

    སྙིང་གི་ལོ་ལོ། ཁྱོད་ཡོད་པས། ཨ་ཕའི་འཇིག་རྟེན་ལ་མེ་ཏོག་གི་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་ཅིང་། ཨ་ཕའི་མི་ཚེ་ལ་མེ་ཏོག་སྣ་ལྔའི་འཇའ་འོད་ཀྱི་གུར་ཁང་ཕུབ། ཁྱོད་ཀྱི་སླད་དུ། ཨ་ཕ་ངས་དགུན་གསུམ་གྲང་རེག་མཁའ་མཐར་ཕུད་ཅིང་། དབྱར་གསུམ་མེ་སྟག་རྒྱང་དུ་བྱེར། ད་རེག་བར་དུ། ཁྱོད་རང་ཨ་ཕ་ངའི་མིག་འོག་ཏུ་དལ་གྱིས་འཚར་ཞིང་། ངའི་བྱམས་པ་དང་སྙིང་རྗེའི་མ་ཎིའི་སྒྲ་དབྱངས་ཁྲོད་ལང་ཚོ་ཡི་མེ་ཏོག་ངང་གིས་བཞད། ཁྱོད་ཁོ་ན། ཨ་ཕ་ངས་མ་ཎི་ཡིག་དྲུག་བཞིན་ཁ་ནས་བར་མེད་འདོན་ཡུལ་དང་། སྒོ་གསུམ་གྱིས་རེ་འབོད་དང་སྨོན་ཚིག་བསྒྲོན་ཡུལ་ཡིན། ཁྱོད་ཁོ་ན། ཨ་ཕ་ང་ཕྱི་མིག་འཁོར་ཡུལ་གྱི་གཞི་མ་དང་དྲན་སེམས་ཀྱི་གླུ་སྐད་འཕེན་ཡུལ་ཉག་ཅིག་ཡིན།

    དུས་ནམ་ཞིག ཨ་ཕ་ང་འཇིག་རྟེན་འདི་ལས་ཞལ་གྱེས་ཞུ་དུས། ཨ་ཕས་ཆེས་བློས་མི་ཐོངས་ས་སྙིང་ཉེ་བའི་བུ་ཆུང་ཁྱོད་ཡིན་ལ། ཨ་ཕའི་མཐའ་མཇུག་གི་སེམས་ཚེགས་བྱ་ཡུལ་ཡང་བུ་ཆུང་ཁྱོད་ཁོ་ན་ཡིན། ཨ་ཕ་ཡི་མི་ཚེ་ཧྲིལ་པོར། ཁྱོད་ལ་རིན་བྲལ་ཟད་མེད་ཀྱི་རྒྱུ་ནོར་དང་། སྐྱེ་བོ་གཞན་ལ་གཞན་དྲིང་མི་འཇོག་པའི་དབང་ཐང་དང་མིང་གྲགས་སོགས་ཁྱོད་ལ་སྐྱེས་སུ་འབུལ་མ་ནུས་ཀྱང་། ཨ་ཕས་ཁྱོད་ལ་བདེ་མ་ཐང་ཐང་གི་ལུས་ཕུང་ཞིག་དང་། གྲུང་ཤ་དོད་པའི་སྤྱན་མིག་ཅིག རྒོད་ཅིང་སྐྱེན་པའི་བློ་རིག་བཅས་ཁྱོད་ལ་ལེགས་སྐྱེས་སུ་སྦྱིན་ཡོད་པས། ཨ་ཕའི་ལོ་ལོ་ཁྱོད་ཀྱིས་རང་གི་ལག་ཟུང་དྲོན་མོའི་ངལ་ལ་བརྟེན་ནས། རང་སྐད་རང་ཡིག་ལ་དུང་ཞེན་བཅངས་ཏེ། ཡངས་པའི་འཇིག་རྟེན་འདིར་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཆུང་ཆུང་ཞིག་གི་འཚོ་བར་བདེ་སྐྱིད་ཀྱི་རོལ་ཐུབ་རྒྱུ་ཨ་ཕ་ངའི་མཐའ་མཇུག་གི་རེ་བ་ཡིན།། 


  • ལེ་ཚན་སྔོན་མ།:ཨ་ཕས་བཙེམས་པའི་སློག་པ།
  • ལེ་ཚན་རྗེས་མ།:ཏང་གི་ཉི་འོད་ཕ་ཡུལ་གྱི་རི་ལུང་དང་མི་ཚོའི་ངོ་གདོང་ལ་ཕོག་པ།