འདྲི་རྟགས།

ལྷ་ལུང་ཀརྨ་ཤེས་རབ།        2018-07-02

    སློབ་ཆུང་གི་སྐབས། ངའི་བསམ་བློར་འདྲི་རྟགས་ཀྱིས་ཁེངས། རྒྱུ་མཚན་གང་གིས་གནམ་ཇི་འདྲའི་སྔོ། རྐྱེན་གང་གིས་རྩྭ་ཇི་འདྲའི་ལྗང་། ང་ཅག་གསར་བུ་ཚོ། སློབ་རའི་ཐེམ་སྐས་འགྲིམ་དོན་ཅི། གང་ལྟར་འདྲི་རྟགས་ཀྱི་ཁྲོད་ང་རང་རིམ་གྱིས་འཚར་ཞིང་ལོངས།

   དམའ་འབྲིང་གི་སྐབས། ངའི་དྲན་ཤེས་ཀྱི་བློ་ངོར་འདྲི་རྟགས་ཀྱིས་ཁེངས། བཤེས་གཉེན་གྱིས་སྐྱོན་བརྗོད་གནང་བ་སུ་ཡི་དོན། མི་རྣམས་འཚར་ཞིང་ལོངས་བའི་རྒྱུ་མཚན་གང་། ང་ཚོས་འདམ་ཀ་དང་བློས་གཏོང་གི་བར་ལ་བསྐོར་དོན་ཅི། དེ་འདྲའི་འདྲི་རྟགས་ཀྱི་ཁྲོད་ང་རང་རིམ་གྱིས་ནར་སོན།

   མཐོ་འབྲིང་གི་སྐབས། སྔར་བཞིན་བསམ་བློར་འདྲི་རྟགས་ཀྱིས་ཁེངས། འཇིག་རྟེན་འདི་ཇི་འདྲའི་ཆེ་བའི་རྒྱུ་མཚན་ཅི། རྩ་ཆེ་བའི་གོ་ལ་ཟླུམ་པོའི་ནུས་ཁུངས་དུས་ནམ་ཡང་མི་སྟོང་བ་སྲིད་དམ། ངས་རིམ་གྱིས་མི་ཚེའི་གནད་དོན་རྟོགས། ང་ཅག་གཏན་སྡོད་ཀྱི་གཞིས་པ་ཡིན་ནམ། ཡུན་ཐུང་གི་མགྲོན་པོ། དེ་དང་འདྲ་བའི་འདྲི་རྟགས་སྣ་ཚོགས་ཀྱི་ཁྲོད་ང་རང་སློབ་ཆེན་པར་གྱུར།

   སློབ་ཆེན་གྱི་སྐབས། ངའི་བསམ་གཞིགས་ཀྱི་མཁའ་དབྱིངས་ན་འདྲི་རྟགས་ཀྱི་ཆུ་ཁུར་འཐིབས། སློབ་ཡོན་ལ་གཏོང་བཞིན་པའི་དངུལ་སྨར་སུ་ཡི་ཟུངས་ཁྲག་ཡིན། ངས་དགེ་འོས་ཤེས་རིག་གི་སྒོ་མོ་འཛུལ་དོན་ཅི། དེ་རིང་གི་གོ་སྐབས་སང་ཉིན་མེད་དོན་ཅི། གབ་ལན་འཁྲོལ་དཀའ་བའི་འདྲི་རྟགས་བཙན་པོ་འདིའི་རྗེས་འདེད་འོག ང་རང་གློ་བུར་ཉིད་དུ་སྤྱི་ཚོགས་སྟེང་གི་མི་སྣར་གྱུར།

   འདྲི་རྟགས་ཀྱི་ཁྲོད་དུ་སོམ་ཉི་ཡོད་ལ་འདྲི་རྟགས་ཀྱི་ཁྲོད་དུ་ཤེས་རྟོགས་ཀྱང་ཡོད། འདྲི་རྟགས་ཀྱི་ཁྲོད་དུ་མིག་ཆུ་ཡོད་ལ་འདྲི་རྟགས་ཀྱི་ཁྲོད་དུ་མཛུམ་མདངས་ཀྱང་ཡོད་པས། ངས་ལུང་ཆུང་ཁུག་ཀྱོག་མ་ཞིག་གི་འགག་འཕྲང་ཞིག་ནས་བློ་རིག་གི་རྩལ་ལག་ངོམ་སའི་ནམ་མཁའ་ཞིག་བསྐྱར་ནས་འཚོལ་དགོས་པ་ཚོར་ལ། དྲིན་ཅན་ཕ་མ་གཉིས་པོའི་དྲིན་ལན་དུས་ཐོག་ཏུ་འཇལ་དགོས་པའང་སེམས་རུམ་ནས་རྟོགས་བྱུང་།


  • ལེ་ཚན་སྔོན་མ།:བློས་བསླངས་ཀྱི་མཚན་མོ།
  • ལེ་ཚན་རྗེས་མ།:ཐོབ་ཤོར།