ཐོབ་ཤོར།

མགར་ཐང་དཀར།        2018-07-04

    དང་པོ། ལས་དབང་གིས་བསྐོས་པའི་སྦྲ་ཁྱིམ་དུད་དྲེག་ཅན་གཉིས་ཏེ། ཚེ་བཀྲ་ཚང་དང་ཕྱུག་ཐར་ཚང་གཉིས་ནི་ཕ་མེས་ཡང་མེས་རིང་ནས་བཟུང་ཏེ་ལུང་རྒྱབ་གསེར་ཐང་ཟེར་བ་དེར་གཞིས་ཆགས་ཡོད། ཁྱིམ་གཞིས་ཆེན་པོ་དེ་གཉིས་ལ་ཆ་མཚོན་ན་དུས་རྒྱུན་རི་ཁ་ཁྱིམ་ཚང་གི་བར་ལ་ཇག་རྒྱུག་བྱེད་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་ཏུ་བསམ་ཡོད། ཁྱིམ་གཞིས་དེ་གཉིས་ཀའི་བུ་རབས་ཚ་རྒྱུད་ལའང་ཁྱིམ་ཚང་གི་སློབ་གསོ་རྙིང་རུལ་དེས་ཕྱོགས་ཞེན་དང་ཞེན་ཆགས་ལྕི་མོའི་གནས་སུ་བརྫངས་ཡོད།

    གཉིས་པ། ལོ་ཞིག་གི་དབྱར་ཁའི་ཉིན་ཞིག་ལ། ཚེ་བཀྲ་དུས་རྒྱུན་གྱི་ཞེ་སྡང་གི་རྣམ་འགྱུར་ལས་ཡེ་ནས་བྲལ་ཏེ་ཕྱུག་ཐར་ཚང་ལ་འབྱོར། ཁའི་བཤད་རྒྱུར། ཕྱུག་ཐར། འུ་སྤུན་གཉིས་ཀར་མཚོན་ན་ད་རག་བར་དུ་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་ཟེར་ནས་ཡོང་ནི་རེད། ད་ཐེངས་ཕུ་བོར་སྒོར་མོ་འགས་རོགས་ཤིག་བྱེད་དགོས་གི་འདུག་ཅེས་བཤད་པ་ན། ཕྱུག་ཐར་གྱིས་ཐ་མག་ཅིག་མཛུབ་བར་ནས་སྤུགས་ཞོར་ཕུ་བོ་ཚེ་བཀྲ། ཁྱོད་ཉིན་འགའི་སྔོན་ན་ཡོང་ཡོད་རྒྱུ་ན་ངའི་ལག་ན་སྒོར་ཁྲི་འགའ་སྔ་གཞུག་བརྗེ་རྒྱུ་ཡོད། ཡིན་ཡང་ད་རེ་སྒོར་ཁྲི་འགའ་བོ་དེ་ངའི་སྤུན་ཟླ་བསོད་སྐྱབས་ཀྱིས་བསྐྱིས་སོང་། ད་ལྟ་ང་ཁྱོད་ལ་རོགས་བྱེད་པའི་ནུས་པ་མི་འཛོམས་པས་ཕུ་བོས་བཟོད་སྒོམ་གནང་རོགས། ཞེས་སྐད་དམའ་མོས་ཚེ་བཀྲར་ལན་དེ་ལྟར་བརྒྱབ། ཕྱུག་ཐར་གྱི་སྐད་ཆ་དེ་ཐོས་མ་ཐག་ཚེ་བཀྲའི་ངོ་མདོག་དམར་པོར་གྱུར་ནས་འདི་ལྟར་ལབ། རྒྱུ་འབྱོར་བ་རྫ་མགོའི་ཟིལ་བ་འདྲ།། དེ་དེ་རིང་ཡོད་ན་སང་ཉིན་མེད།། སྤུན་གཉེན་གྲོགས་ལང་ཚོའི་རྒྱབ་རི་ཡིན།། དེ་སྒོར་རྡོག་འགའ་ཡིས་ཁུགས་ལེ་མིན།། ཞེས་སྤོ་གཏམ་ཡང་ཡང་ལབ་ཞོར་ཕྱིར་རང་ཡུལ་དུ་བུད་སོང་། དེ་ནས་ཉིན་འགའ་འགོར་རྗེས་ཕྱུག་ཐར་འགྱོད་པ་ལྷག་མ་ཞིག་གིས་གཙེས་མཐར་གཞན་ལ་བསྐྱིས་པའི་སྒོར་མོ་ཁྲི་འགའ་བོ་དེ་ཕྱིར་བླངས་ནས་ཕུ་བོ་ཚེ་བཀྲའི་སར་འགྲོས་མཉམ་གྱི་གོམ་ཁ་ལྷོད་ཀྱིས་བསྒྱུར།

    གསུམ་པ། ཕྱུག་ཐར་ཚེ་བཀྲའི་སར་འགྲོ་བའི་ལམ་བར་དུ་ཚེ་བཀྲའི་སྔོན་གྱི་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཚེ་བཀྲ་ཚང་གི་ཕྱོགས་ནས་ཕྱིར་རྫོང་ཐོག་ཏུ་ལོག་པ་དང་འཕྲད། ཕྱུག་ཐར་གྱིས་ཚོང་གྲོགས་དེ་གཉིས་ལ་ཧ་ལས་པའི་ངང་ནས་ཁྱེད་གཉིས་གང་དུ་སོང་བ་ཡིན། ད་ཐེངས་ཚོང་རྒྱག་ཏུ་ཡོང་བ་ཨེ་ཡིན་ཞེས་དྲིས་བར། ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཀྱིས་འདར་མ་འདུར་གྱིས་རྒྱ་སྐད་དུ་མ་ཡིན་མ་ཡིན། ང་གཉིས་གང་དགར་ཡོང་བ་ཡིན། དོན་དག་གཞན་མེད་ཅེས་བརྗོད་རྗེས་ཚོང་གྲོགས་གཉིས་ལམ་ལ་ཆས། ཕྱུག་ཐར་གྱིས་ཀྱང་ད་ཐེངས་ཕུ་བོར་ཁ་རྡུང་མ་བཏང་བ་འགྲིག་སོང་བསམ་ནས་སླར་ཡང་གོམ་ཁ་ཚེ་བཀྲ་ཚང་གི་ཕྱོགས་སུ་བསྒྱུར། སྐར་མ་བཅོ་ལྔ་ཙམ་སོང་རྗེས་ཚེ་བཀྲའི་ཁྱིམ་དུ་འབྱོར། ཁོ་རང་ཚེ་བཀྲ་ཚང་གི་ཁྱིམ་དུ་འབྱོར་ཡང་ཚེ་བཀྲ་བཟའ་མི་གང་བོའི་མ་མཐོང་ཁུལ་བྱས་ནས་འདུག དེ་ནས་ཁོས་ཀུ་རེའི་ཚུལ་གྱིས་ཁྱེད་བཟའ་མི་གང་བོའི་སྨྱུང་གནས་སྲུང་གིན་ཡོད་དམ། ཞེས་ཆིག་ལབ་ཙམ་བཤད་ཞོར་གོ་ཁ་ནས་དཀྱིལ་ཀྲུང་དུ་བསྡད་དེ་ཐ་མག་རྐང་གཅིག་བླངས་ནས་འཐེན། དེ་ནས་ཚེ་བཀྲའི་ཆུང་མས་ཕུ་བོ་ཕྱུག་ཐར། ངེད་ཚང་གི་གཅེས་ཕྲུག་ལ་ཆམས་ནད་ཕོག་ཡོད་པས་ཐ་མག་འཐེན་བསམ་ན་ཕྱི་ལ་ཕེབས་རོགས། ཞེས་ཚིག་ཨ་ཙ་མའི་ཤུགས་ནས་བསྣུན་པ་རེད། ཕྱུག་ཐར་གྱིས་སྲིང་མོ་གོ་སོང་། ཟེར་བཞིན་ཚེ་བཀྲར་བོས། ཚེ་བཀྲའི་སྐད་མཐོན་པོའི་ཅི་རེད་ཅི་རེད། ཅེས་ལན་སྤྲད། ཕྱུག་ཐར་གྱིས་ཕུ་བོ་ཚེ་བཀྲ་ཐེངས་སྔོན་མར་ངས་སྒོར་མོ་ཡོད་ཚད་གྲོགས་པོ་བསོད་སྐྱབས་ལ་བསྐྱིས་ཟིན་པས་ཁྱོད་ལ་དུས་ཐོག་ཏུ་སྒོར་མོ་འགའི་དགོས་མཁོ་ཡང་བསྒྲུབ་མ་ཐུབ། དེ་རིང་ངས་གྲོགས་པོ་བསོད་སྐྱབས་ལག་ཏུ་ཡོད་པའི་སྒོར་མོ་ཡོད་ཚད་ཁྱེར་ནས་ཡོང་ཡོད། ཕུ་བོ་དུ་དགོས་ཞེས་དྲིས་པ་ན། ཚེ་བཀྲས་ད་ང་ལ་ཁྱོད་ཀྱི་སྒོར་མོ་དེའི་ལས་དབང་མེད་ཐལ། ངས་དེ་རིང་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ལ་སྒོར་ཁྲི་ལྔ་བཅུ་བསྐྱིས་རྗེས། ཕྱུགས་ཟོག་གཏའ་མར་བཞག་ཟིན་ཞེས་བརྗོད། དེ་ནས་ཕྱུག་ཐར་གྱིས་ཧ་ལས་པའི་ངང་ནས་ཕུ་བོ་ཁྱོད་ཀྱིས་དེ་ལྟར་བྱེད་དོན་ཅི་ཡིན། ཁྱོད་ཀྱིས་ནུ་བོ་ང་དུས་ཡུན་ཅུང་ཙམ་ལ་བསྒུག་ན་མི་ཆོག་གམ། ཞེས་ལས་བདའ་ཉུང་ངུ་ཙམ་བྱས་རྗེས་སྐད་གཉོམ་པོས་ཕུ་བོ། ཚོང་གྲོགས་དེ་གཉིས་ལ་ཚོང་གི་རྫོགས་ཚ་ངས་སྟེར། སྒོར་མོ་འདི་ཁྱོད་ཀྱིས་ལེན་དགོས་ཞེས་ཞུ་བའི་ཚུལ་གྱིས་ཞུས་པ་ན། ཚེ་བཀྲས་བཤད་རྒྱུར་མི་སེམས་ཤ་ཡིས་གྲུབ་པས་དེར་ནད་ཕོག་སླ། དེ་བས་ཁྱོད་ཀྱི་རོགས་རམ་དེ། ད་ནི་ཕུ་བོར་མི་མཁོ་ཞེས་ལབ། སྐབས་དེར་ཕྱུག་ཐར་ལའང་ཐབས་གཞན་མེད་པར་གྱུར་ཏེ་སྨྲེང་ཤས་རི་ལུང་གི་ཁུ་སིམ་དཀྲོག་བཞིན་ཕྱིར་རང་ཡུལ་དུ་ལོག་པ་རེད།

    བཞི་བ། ཕྱུག་ཐར་ཁོ་རང་ཁྱིམ་དུ་ཐོན་པ་དང་མཉམ་དུ་ཚེ་བཀྲའི་ཚོང་གྲོགས་ཝང་ཁྲིན་དང་ལིས་ཀྲོ་གཉིས་ཡང་ཁོ་ཚང་ལ་ཐོན། ཕྱུག་ཐར་གྱི་ཆུང་མས་ཁོ་ཚོར་ཇ་བླུགས་རྗེས། སྒོ་ཕྱིར་ཕྱུགས་ལ་ལྟ་རུ་ཆས། ཕྱུག་ཐར་གྱིས་ཚོང་གྲོགས་དེ་གཉིས་ལ་ཐད་ཀར་ཁྱེད་གཉིས་འཚབ་མི་དགོས། ཁྱེད་ཚོའི་ཚོང་ལ་ངའི་གནོད་པ་སྤུ་ཙམ་ཡང་བྱས་མེད་ཅེས་བརྗོད། སྐབས་དེར་ཚེ་བཀྲའི་ཚོང་གྲོགས་གཉིས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ལྷག་མ་ཞིག་གིས་འཚོས་ཏེ་ཕྱུག་ཐར་ལ་བཀའ་དྲིན་ཞུ་ཞོར་ཕྱིར་རྫོང་ཐོག་གི་ཕྱོགས་སུ་ལྷོད་ཀྱིས་བཞུད། དེ་ནས་ཕྱུག་ཐར་གྱིས་བློ་རྩེའི་མདའ་མོ་གངས་དཀར་ཏི་སེའི་ཕུ་ཐག་ལ་དེད་ནས་ཕྱིར་འདང་ཞིག་བརྒྱབ་པ་ན་ཁོ་བོའི་ལྷག་བསམ་གྱི་ཡལ་ག་སྟེང་དུ་གྲི་རྣོན་པོས་གཙག་གཙག་བྱེད་པ་དང་འདྲ་བར་ན་ཟུག་བཟོད་མི་ཐུབ་པ་ཞིག་སྐྱེས། ཁོའི་ཆུང་མས་ཕྱུག་ཐར་ཁྱོད་ལ་ཅི་རེད། ཁྱེད་གཅེན་གཅུང་གཉིས་ཀྱི་བར་དུ་གཞན་གྱིས་རྟོགས་མི་ཐུབ་ལ་ན་ཟུག་གི་བཟོད་མི་དྲགས་པའི་དོན་རྐྱེན་ཅི་ཞིག་བྱུང་བ་རེད། ཅེས་དྲིས་པ་ན། ཕྱུག་ཐར་གྱིས་དབུགས་རིང་ཞིག་འབྱིན་རྗེས་ཅང་མ་རེད་ཅེས་ལན་བཏབ། སྐབས་དེར་ཁོས་ཆུང་མ་དང་མཉམ་དུ་ཇ་གང་ལ་རོལ་རྗེས་ཡང་བསྐྱར་ཕུ་བོ་ཚེ་བཀྲ་ཚང་ལ་འགྲོ་རྒྱུར་སྟ་གོན་བྱས།

    ལྔ་བ། ཕྱུག་ཐར་གྱིས་ས་ཆེན་གྱི་ཞེ་རྩ་སྨྲེང་ནས་སྐྱོ་སྡུག་གི་གཡང་ལ་ལྷུང་བར་འཁུན་སྒྲ་ཅི་ཡང་མ་འབྱིན་པར་ཕུ་བོ་ཚེ་བཀྲ་ཚང་གི་ཕྱོགས་སུ་ལོག ཕྱུག་ཐར་ཚེ་བཀྲའི་ཁྱིམ་ལ་ཐོན་ཁར་བལྟས་པ་ན་ཚེ་བཀྲའི་ཁང་གསར་ཞིག་ལེགས་གྲུབ་བྱུང་ཏེ་སྟོན་མོར་རོལ་བཞིན་པ་མཐོང་། ཚེ་བཀྲ་ཚང་གི་ཐག་ཉེ་སར་གཞིས་ཆགས་པའི་ཁྱིམ་ཚང་དག་ཀྱང་ཁོ་ཚང་གི་ཁང་སྟོན་ལ་ཡོང་ནས་གླུ་དང་གར་གྱིས་སྐྱ་རེངས་བུ་མོའི་དུང་ཤ་སྒུལ་བཞིན་པ་མཐོང་། དེ་ནས་ཁོ་ཚེ་བཀྲ་ཚང་གི་ཁང་གསར་དེའི་ཉེ་སར་བཅར་བ་ན། སྡེ་བའི་བྱིས་པ་འགའ་ཁོའི་ཉེ་སར་ཡོང་སྟེ་ཨ་ཁུ་ཕྱུག་ཐར་ཁྱེད་ཀྱང་ང་ཚོ་དང་མཉམ་དུ་ཨ་ཁུ་ཚེ་བཀྲ་ཚང་གི་ཁང་སྟོན་ལ་རོལ་དུ་འགྲོ་ཡ་ཞེས་ཡང་ཡང་བསྐུལ། དེ་ནས་ཕྱུག་ཐར་བྱིས་པ་ཚོ་དང་ལྷན་དུ་ཚེ་བཀྲའི་གམ་དུ་སོང་བ་ན། ཚེ་བཀྲའི་སྐད་མཐོན་པོས་ནུ་བོ་དགའ་བོ། རྒྱུ་འབྱོར་བ་སྔ་ཉིན་ཕྱི་ཉིན་ཡིན་ཞེས་པ་བདེན་གི་ཡ། ད་ནི་ཕུ་བོ་ང་ཡང་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྗེས་བསྙེག་ཐུབ་ཐལ། ཞེས་ཟུར་ཟའི་སྐད་ཆ་མང་པོ་བཤད། སྐབས་དེར་ཕྱུག་ཐར་གྱི་ཡིད་ཤིན་ཏུ་ཕངས་ཏེ་འཕྲིན་ཡིག་དམར་རྗེན་ཞིག་ཕུ་བོ་ཚེ་བཀྲར་བཞག་རྗེས་འཇིག་རྟེན་དཀར་ངོགས་ལ་གྱེས་བྲལ་འཇོག་རྒྱུ་བློ་ཐག་གཏིང་ནས་བཅད།

༼ འཕྲིན་པ་དམར་རྗེན་མ༽ ཕུ་བོ་ཚེ་བཀྲ། ཁྱོད་བདེ་མོ་ཡིན་ནམ། དོ་ནུབ་ཁྱེད་ལ་ལྷག་བསམ་ཆད་པའི་ཧྲག་བར་ནས་དཔལ་འབྱོར་གྱི་བག་མ་གམ་ཏུ་བྱོན་ནས་རྒྱུ་ནོར་གྱ་ནོམ་པ་ཐོབ་སོང་། འོན་ཏེ། ང་ལ་ནོར་འཆུག་གི་གངས་གྲོང་སྐྱ་བོ་ནས་སྡུག་ཡུས་ཀྱིས་མནར་བས་ཁྱེད་ཀྱི་བརྩེ་སེམས་དྲོན་མོ་དེ་ཤོར་སོང་། ཨ་ཤུ་རེ་ཀོ འཇིག་རྟེན་གྱི་སྐྱིད་སྡུག་འདི་ངའི་ངོ་མ་ཐེག་དཀའ་ཀི ལྷག་པར་ཕུ་བོ་ཁྱེད་ཀྱི་བརྩེ་དུང་གི་རྨུ་ཐག་ཆད་པའི་སྙིང་གི་རྨ་ཁ་དེ་ངའི་ངོ་མ་བཟོད་ཐབས་བྲལ། དེ་བས་འཕྲིན་འདིས་མི་ཚེའི་མཇུག་བསྡུ་བར་བློ་ཐག་གཅད་དགོས་བསམ་བྱུང་། ཞེས་བྲིས་རྗེས་མིག་ཆུ་རྡོག་པོ་རེ་རེས་ཕུ་ནུའི་བརྩེ་དུང་ལ་ཆེས་མཐའ་མའི་རྫོགས་ཚིག་བྲིས།

    དྲུག ཕྱུག་ཐར་ཚེ་བཀྲ་ཚང་ནས་ཕྱིར་ལོག་པའི་ཉིན་དེའི་ཕྱི་དྲོར་ལུང་རྒྱབ་གསེར་ཐང་གི་རྫ་འགོར་འཛེགས། རྫ་འགོ་དེར་ཐོན་རྗེས་ཁོས་ཕུ་བོ་ཚེ་བཀྲར་འབྱོར་ཕྱུག་གི་རི་ལུང་ཐང་གསུམ་གྱི་སྣང་བ་འཕྲོག་པའི་གསོལ་བ་དང་སྨོན་ལམ་ཡང་ཡང་བཏབ་རྗེས། ལུང་རྒྱབ་གསེར་ཐང་གི་གཡང་གཟར་ནས་བྲག་ལ་ལྕེབས། དེ་ལྟར་ལོ་རབས་ཤིག་གི་སྡུག་བསྔལ་དང་ཕངས་སེམས་ཡོད་ཚད་འཇིག་རྟེན་གྱི་སྙིང་སྡུག་ཆུང་མར་བསྐྱུར་ཏེ་ཆེས་ཐག་རིང་གི་འཇིག་རྟེན་དེ་ལ་ལོ་རྒྱུས་ཀྱི་རྐང་བ་སྤོས། འདི་ལྟར་གཏམ་རྒྱུད་ཀྱི་ལོ་ཟླ་དམར་པོ་ཐོབ་ཤོར་གྱི་ལག་བར་ནས་རྒྱང་དུ་བཞུད་དེ་དུས་རབས་གསར་བའི་སྤྱི་ཚོགས་ལ་སྐུལ་སློང་བཅའ་ཞོར་རང་ཉིད་ཀྱི་ཚེ་སྲོག་ལ་ཆེས་མཐའ་མའི་བཞི་ཤད་བྲིས།

    ཟུར་འགྲེལ། ཐོབ་ཤོར་ཞེས་པའི་སྒྲུང་ཐུང་འདིའི་ནང་། རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ལྟར་དཔལ་འབྱོར་གྱིས་མི་སེམས་ལ་གཡོ་འགུལ་གཏོང་བ་ནི་ཆེས་ཐབས་ཟད་འུ་ཐུག་གི་ལོ་ཟླ་སྐམ་པོ་ཞིག་དང་འགྱོད་གདུང་གི་ན་ཟུག་གཡོ་མེད་ཅིག་ཡིན་པར་ཟུར་དུ་སུན་འབྱིན་བྱས་ཡོད།


  • ལེ་ཚན་སྔོན་མ།:འདྲི་རྟགས།
  • ལེ་ཚན་རྗེས་མ།:དབྱངས་གསལ་ལ་བརྒྱུས་པའི་ཕྱིར་དྲན།