དེ་རིང་གི་དུས་ཚོད་ནི་སང་ཉིན་གྱི་ཕྱིར་བལྟས་བྱེད་སའི་ལོ་རྒྱུས་ཡིན།

ཁམས་བཙན་རྒྱལ།        2018-03-28

      རང་བྱུང་ཁམས་ཀྱི་སྐྱེ་དངོས་ཚང་མ་དུས་ཚོད་དང་མཉམ་དུ་གཤིབ་ནས་འཕོ་འགྱུར་འགྲོ་དགོས་ལ། མི་དང་སྲོག་ཆགས་ཀུན་གྱི་ལུས་སེམས་ཀྱི་དཔལ་ཡོན་ཡང་དུས་ཚོད་ཀྱི་འཁོར་འགྲོས་ལ་བསྟུན་ནས་འཕེལ་འགྱུར་དུ་འགྲོ་བཞིན་ཡོད། དུས་ཚོད་འདི་ནི་དབང་ཤུགས་རྒྱུ་ཤུགས་དང་ཁ་དགའ་ངོ་བསྟོད་ཅིག་གིས་ཕྱིར་འཐེན་དང་བསླུ་བྲིད་བྱེད་རྒྱུ་མེད་ལ། མགོན་མེད་ནུས་མེད་ཀྱི་ཉམས་ཆུང་ཞིག་གིས་དེ་བས་ཀྱང་མགོ་བསྐོར་བྱེད་རྒྱུ་མེད། དུས་ཚོད་ནི་དྲག་ཞན་བར་གསུམ་ལ་འདྲ་མཉམ་དུ་དབང་བའི་དྲང་བདེན་ཞིག་དང་ཡོངས་ཁྱབ་ཀྱི་རིན་ཐང་གཞལ་དུ་མེད་པའི་སྤྱི་ནོར་ཆེན་པོ་ཞིག་ཡིན། འདི་ནི་འཕྲོག་བཅོམ་དང་གཏོར་བརླག་གང་ཡང་བྱེད་རྒྱུ་མེད་པའི་ལས་སྐལ་ཕུན་སུམ་ཚོགས་པ་ཞིག་སྟེ། ཡིད་དུ་འོང་བའི་སྤྲོ་སྣང་གི་བདེ་སྐྱིད། ཉམས་དགའ་བག་ཕེབས་ཀྱི་ཞི་བདེ་ཡི་ཉི་གཞོན། སྔོན་ཐོན་འཕེལ་རྒྱས་ཀྱིས་དུས་རབས་ཀྱི་དཔལ་ཡོན། ཤེས་འཇོན་ནུས་གསུམ་གྱིས་རླབས་ཆེན་གྱི་བྱ་བཞག    བསྟོད་བཀུར་སྙན་གྲགས་ཀྱི་མཐོན་པོ་ཡི་གོ་ས། ཚན་རྩལ་རིག་གནས་དང་ཤེས་རིག་གི་ལག་བཟོ་སོགས་མདོར་ན་ཡོད་ཚད་ནས་ཐམས་ཅད་དུས་ཚོད་ལ་ལྟོས་ཤིང་དུས་ཚོད་དང་མཉམ་དུ་གཤིབ་ནས་བགྲོད་དགོས་པས། བརྩོན་འགྲུས་ཀྱིས་དུས་ཚོད་རྗེས་ཆོད་པར་བྱས་ན་རྒྱལ་ཁ་དང་གཟི་བརྗིད་རེ་བ་ཐམས་ཅད་དུས་ཚོད་ལ་བསྟུན་ནས་འགྲུབ་ཐུབ། ལྷག་པར་དུ་དབང་པོ་གསལ་ཞིང་རྣམ་རིག་དྭངས་བའི་ན་གཞོན་གྱི་སློབ་གཉེར་བ་དག་ལ་ནི་རང་ཉིད་ཀྱི་ཕུགས་བསམ་དེ་མི་རིང་བར་མངོན་འགྱུར་ཡོང་བ་ལ་འཇིག་རྟེན་ན་ཆེས་མེད་དུ་མི་རུང་བ་ནི་བརྩོན་འགྲུས་དང་དུས་ཚོད་ཡིན།

      རླབས་ཆེན་གྱི་བྱ་དངོས་མཐའ་དག་བསམ་བློ་ཡིས་འདུ་ཤེས་འཇོག་སྟངས་དང་དུས་ཚོད་བཀོལ་སྤྱོད་བྱེད་ཐབས་མི་འདྲ་བ་ལ་བརྟེན་ནས། ཡག་བཙོག་བཟང་ངན་མཐོ་དམན་གྱི་ཁྱད་པར་འདི་འབྱུང་བ་ཡིན་པས། དེ་རིང་གི་དུས་ཚོད་འདི་ནི་སང་ཉིན་གྱི་ཕྱིར་བལྟས་བྱེད་སའི་ལོ་རྒྱུས་ཀྱི་ཉིན་མོ་ཞིག་དང་། སང་ཉིན་གྱི་དུས་ཚོད་དེ་ནི་དེ་རིང་གི་རྨི་ལམ་ནང་དུ་འཁོར་བའི་རེ་བའི་ཕུགས་འདུན་གྱི་གཞི་མ་དེ་ཡིན། དེས་ན་དེ་རིང་གི་དུས་ཚོད་འདི་མཇུག་ཇི་ལྟར་སྒྲིལ་མིན་དང་སང་ཉིན་གྱི་དུས་ཚོད་དེ་འགོ་ཇི་ལྟར་བརྩམ་དགོས་མིན་གྱི་ཕྱོགས་ལ་ང་ཚོས་ནམ་ཡང་བསམ་བློ་བཀོལ་སྤྱོད་བྱེད་དགོས་པ་ཞིག་ཡིན་ཏེ། དེ་རིང་གི་དུས་ཚོད་ནི་དེ་རིང་ཁོ་ནར་མ་གཏོགས་རང་ཉིད་ལ་མི་དབང་བས་སོ། །


  • ལེ་ཚན་སྔོན་མ།:སྤྱོད་གོ་མི་ཆོད་པའི་ཤེས་བྱ་ཞིག་མེད།
  • ལེ་ཚན་རྗེས་མ།:ལྷག་བསམ་གྱི་འོད་ཀོར། དགེ་རྒན།