མཐུན་སྒྲིལ་ནི་སྔོན་ཐོན་གྱི་གཞི་མ་ཡིན།

བསྟན་འཛིན།        2017-12-04

 མཐུན་སྒྲིལ་ནི་རྒྱལ་ཁབ་དང་མི་རིགས། སྡེ་བ་དང་གྲོང་གསེབ། ཐ་ན་ཁྱིམ་ཚང་ནང་ཁུལ་དུའང་མེད་ཐབས་མེད་ལ་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན་ཞིང་།  མི་རིགས་ཤིག་གི་སློབ་གསོ་དང་དཔལ་འབྱོར་ཡར་ཐོན་གྱི་གཞི་མའང་རེད་ལ།  ལམ་བཟང་དུ་བགྲོད་བྱའི་རྟ་མཆོག་ལྟ་བུ་ཞིག་ཀྱང་རེད།  འོན་ཀྱང་དེང་སྐབས་ང་ཚོ་བོད་མི་རིགས་ལ་མཚོན་ན་དུས་ངན་སྙིགས་མ་ལྔ་བདོའི་དུས་སྐབས་ལ་བབས་པ་འདྲ།  མི་རིགས་ནང་ཁུལ་དང་།  སྤུན་ཟླ་ཕུ་ནུ་བར་ལ་དོན་ཕྲན་ཚེགས་ཤིག་གིས་ནང་དམེ་དང་འཛིང་རྩོད་བྱས་མཁན་མང་པོ་ཞིག་མངོན་མཐོང་ལྟར་རེད།  དེ་ནི་གཙོ་བོར་མི་རང་ཉིད་ལ་རིག་གནས་མེད་པ་དང་།  སྤྱི་ཚོགས་སྟེང་དུ་ཧམ་སེམས་ཅན་གཞན་ཕ་རོལ་པོ་ལ་གཡོ་སྒྱུས་མགོ་སྐོར་གཏང་བའི་རྔམ་སེམས་བཅངས་བའི་འཁྱམ་པོ་རྣམས་ཕལ་ཆེར་རེད།

 དེ་དག་ལ་གཞིགས་ན་རྗེས་སུ་ང་ཚོ་གསར་སྐྱེས་ན་གཞོན་ཚོས་ངེས་པར་དུ་ཆུང་དུས་ནས་རིག་གནས་སློབ་གཉེར་བྱ་དགོས་པའི་གནས་ལུགས་གསལ་པོར་རྟོགས་ཐུབ། གལ་སྲིད་ང་ཚོ་ན་གཞོན་ཚོས་རིག་གནས་སློབ་སྦྱོང་དང་ཀུན་སྤྱོད་གཙང་མར་གོམས་གཤིས་བཟང་པོ་མ་ཆགས་ན་སྣོད་གཙང་མའི་ནང་དུ་ཟས་དུག་ཅན་ལྡུག་པ་བཞིན་དུ་གྱུར་ཉེན་ཡོད།

 ང་ཚོས་མཐུན་སྒྲིལ་གྱི་གཞི་མ་གཙོར་བཟུང་གིས་དུས་རབས་གསར་པའི་ལམ་བུར་སྐྱོད་བཞིན་ཚན་རྩལ་རིག་པའི་ཤེས་བྱ་གྲོགས་སུ་བསྟེན་ནས་ན་གཞོན་ཕོ་མོ་ཡོངས་ཀྱིས་བློ་རིག་པ་ནང་ལ་བཀུག་སྟེ་རིག་པའི་གནས་ལ་ཧུར་གྱིས་གཞོལ་བ་ཡིད་ལ་བསམ་བཞེས་གནང་རྒྱུ་དང་།  རང་རེ་ནི་ཤ་རུས་གཅིག་པའི་གངས་རི་མ་མའི་པང་ནས་འཚར་ལོངས་བྱུང་བའི་སྤུན་མཆེད་ཤ་སྟག་ལགས་པས། མི་རིགས་རང་གི་བདེ་སྐྱིད་སྐྲུན་མཁན་དང་མ་འོངས་གོང་དུ་སྤེལ་བར་མེད་དུ་མི་རུང་བའི་གདུང་འདེགས་ཀྱི་ཀ་བ་ལྟར་དུ་གྱུར་པས།  དོན་ཕྲན་ཚེགས་ཤིག་ལ་ནང་དམེ་དང་དམར་གསོད་བཏང་ན་ཧ་ཅང་ཡིད་སེམས་ཕངས་པ་ཞིག་རེད།

མདོར་ན་སྤུན་ཟླ་ཚོ།  ང་ཚོས་རང་རེའི་ཡབ་མེས་རྣམས་ཀྱི་རྐང་འདྲེན་དང་མི་རིགས་རང་གི་བླ་བཙོང་དུ་མི་གྱུར་ཚང་མས་དཔུང་པ་མཉམ་གཤིབས་དང་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ལམ་སྟོན་འོག་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་འབད་པ་སྟོང་གིས་གཞོལ་བར་གྱིས།

 

  • ལེ་ཚན་སྔོན་མ།:ནམ་ཡང་གསོན་པའི་རྣམ་ཤེས་ཤིག
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རྩྭ་ཐང་།