གངས་དབང་། 2017-12-01
༡
ཆོལ་གསུམ་གྱི་ལམ་དུ་མེ་ཏོག་རེ་རེས་རང་དང་འཚམས་པའི་དྲི་བསུང་འཐུལ་ཞིང་ཁུ་བྱུག་རེ་རེས་གཞན་དང་བསྟུན་པའི་གསུང་སྙན་སྒྲོག་དུས། ངས་དགུ་འགྱུར་པད་མོ་རོང་གི་མཁའ་ལ་འཕགས་ཏེ་ཆབ་ཆ་བསིལ་མོ་ལྗོངས་ཀྱི་མཁའ་མཐའ་རུ་གཟིམས་པའི་སྐར་ཆེན་དྲན་བྱུང་། མུན་པའི་སེང་རས་འོད་ཀྱིས་བཤགས་པའི་སྐར་མདའ་ཞིག འོད་མདངས་རྣོན་པོས་རྨི་ལམ་དཀྲོགས་པའི་སྐར་ཆེན་ཞིག།
༢
དགུ་རོང་གི་མཁའ་ལམ་ཆེ་མིན་ཅི་ཡིན་རུང་། ཀ་ཆེན་གྱི་དོད་དུ་བརྟན་བརླིང་ངང་བཞེངས་པའི་རི་བོ་དང་། སྐེ་རགས་ཀྱི་ཚུལ་དུ་གྱ་གྱུར་འབབ་པའི་ཆུ་བོའི་བར་ལ་མེ་ཏོག་ཅིག་ང་ཚོའི་ལྷ་སྐལ་དུ་བཞད། རི་མཐོན་པོའི་ལྷུན་བརྗིད་ལས་ཉི་འོད་འཚོལ་ཞིང་། ཆུ་ཆེན་པོའི་རླབས་རྒྱུན་ལས་བརླན་བཤེར་བཞེས་ཀྱང་གནམ་རྒན་མ་ཡིས་ཁེར་ཚུགས་ཀྱི་སྒལ་གཞུང་སྲ་མོ་ཞིག་གི་ཆེད་དུ། ཕ་མེད་དྭ་ཕྲུག་གི་ལས་དབང་ལྗིད་མོ་དེ་ཕྲག་པ་ཆུང་ངུར་བཀལ་པ་ནས་བཟུང་། ཕྱག་རྒྱ་ཡངས་མོས་ལག་ནས་ཡར་འཐེན་མེད་ལ་སྐད་ངག་འཇམ་པོས་མིང་ནས་འབོད་པ་མེད་མོད། རྐང་པ་ཆུང་ཆུང་གིས་རྐང་ལམ་ཕྲ་མོ་འཇལ་ཏེ་གཞུང་ལམ་ཞིག་གི་རྨི་ལམ་རྨིས།།
༣
ལམ་གཉིས་ཀྱི་མཚམས་སུ་མིག་ཆུ་ཡོད་ཀྱང་བཞུར་མ་ཕོད་ལ། སྙིང་གཏམ་ལྡན་ཡང་ཞུ་མི་ཤེས་པའའི་གཞུང་དྲང་གི་ཡུལ་མི་རྣམས་ཀྱིས་ཁྱེད་ལ་ན་ཟུག་དང་དྲན་གདུང་སྟེར། ན་ཟུག་དང་དྲན་གདུང་མ་བཟོད་པས་མི་རྒན་ཁ་ནང་གི་ངོ་མཚར་ལ་ཕྱིར་རྟོག་དང་ལོ་ཆུང་སེམས་ནང་གི་སོམ་ཉི། བྱིས་པའི་ལུང་མ་སྟོན་ལ་སྔོན་དཔག་བྱེད་དུས་རིགས་དང་བཅས་པ་ཉམས་རྒུད་ལས་སྐྱོབ་པའི་མཚོན་ཆ་སྨྱུ་གུར་བརྟེན་དགོས་པ་དམ་བཅས་ཏེ། ཕྱི་ནང་གཉིས་ལ་གྲག་འགུལ་མེད་པའི་ལྷིང་འཇགས་ཀྱི་མཚོ་མོ་རུ་དཔྱོད་ཤེས་ཀྱི་རྡོ་ཞིག་འཕངས་དུས་ཆུ་བྱ་ཡིན་མིན་ཐམས་ཅད་འུར་གྱིས་འདྲོགས།།
༤
མི་རིགས་ལས་རིགས་བརྒྱུད་ཀྱི་འདུ་ཤེས་ཟབ་པའི་རིགས་མཐུན་རྣམས་ཀྱི་དཔུང་མཐུག་ལ་རྔམ་རྫིག་ཀྱང་། ཆེ་མ་ཆུང་གསུམ་དྲིན་ཆེན་གྱི་མཆན་ཁུང་དུ་འཛུལ་ཞིང་སྟོབས་ཆེན་གྱི་ལག་མཐིལ་དུ་ཞུ་འགྲོ་བ་ལ་མང་མང་གིས་གོ་བའི་ཕལ་སྐད་ཀྱིས་གནས་ལུགས་བསྟན། བདེན་པ་བརྡར་བ་ནི་ཁྱི་རྒྱུས་ལོན་ནས་རྒྱུག་པ་འཕྲེད་གཟེད་ཡིན་ཡང་ཕ་མ་སྤུན་མཆེད་ཀྱང་སྐྱོབ་མི་ཐུབ་པར་འགྲོ་དྲུག་སེམས་ཅན་གླེང་བ་རྣམས་དང་ཇི་འདྲའི་ཆ་མ་འཚམ་པ་ཞིག་རེད་ཨང་།།
༥
མཐོང་ཐོས་རེག་གསུམ་གྱི་འཇིག་རྟེན་དུ་རང་གི་ཐོབ་ཐང་དང་ཁེ་དབང་ཡང་སྲུང་སྐྱོབ་བྱེད་མི་ཕོད་པའི་སྡར་མ་རྣམས་ཀྱི་རྒྱབ་རྩ་རུ་རྩོམ་རིག་གི་དར་ཆ་མཐོན་པོར་བསྒྲེངས་ནས། ས་ཡི་གཏིང་རིམ་ན་སྦས་པའི་གསང་གནད་ཕྱི་རུ་བཏོན་ཞིང་ང་ཚོའི་རིག་གནས་སེམས་ཁམས་ལ་དགག་ལེན་ཡོད་པའི་སྒོ་ནས་ཚེར་མས་གཡོགས་པའི་ལམ་བུར་བསྐྱོད་པ་ནི།གཡམ་རྒྱུག་དང་སྤྲེལ་ལད་མེད་པའི་དགག་སྒྲུབ་ཀྱི་སྙིང་སྟོབས་བློ་འབྱེད་གསེར་གྱི་ལྡེ་མིག་ཅིག་ལགས།།
༦
སྲོལ་རྒྱུན་གྱི་འབག་གྱོན་ཏེ་མེས་པོའི་ཕྲག་པར་འཛེགས་ནས་འགྲོ་བ་མི་ལ་ཐུར་ལྟ་བྱེད་པའི་མདུན་དུ། མིག་རྣོན་པོས་ང་ཚོའི་ཉེན་ཁ་མཐོང་བས་གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བའང་མེད་ལ། རྒྱུ་འབྲས་ཟེར་བའང་སྐྱག་རྫུན་རེད་ཅེས་གསར་རྩོམ་གྱི་སྒོ་མོ་ཕྱེ་སྟེ་ཡ་རབས་ཀྱི་རྒྱབ་རོགས་དང་མ་རབས་ཀྱི་གདོང་འགོག་ཏུ་ལངས་དུས། འདི་མི་རུང་། དེ་མི་ཆོག་ཅེས་མངོན་གསུམ་གྱི་སྡིགས་ཚིག་དང་ལྐོག་གྱུར་གྱི་དུག་མདའ་རྒྱུན་མི་ཆད་མོད། ནམ་ཡང་དེ་དག་གི་དོ་ཟླར་ལངས་པ་ནི་མཁའ་དབུགས་གསར་པ་འདྲེན་པའི་ཤིང་རྟའི་སྲོལ་འབྱེད་པ་ཞིག་གི་གསར་གཏོད་ཀྱི་སྙིང་སྟོབས་ལགས།།
༧
ཡུལ་མི་རྣམས་ཁབ་སྐུད་པའི་ཁེ་ཕན་ཙམ་ལས་ཡོད་ཚད་ལ་འཐོམསསྦྲིད་དུ་གྱུར་ཡང་། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་་ཏུ་འཇོག་མི་འདོད་པའི་རང་གཤིས་སྲ་མོས་སུ་ཞིག་གི་རྗེས་སུའང་མི་དེད་པར་སྤུ་གྲི་ངར་མ་དང་མདའ་མདུང་རྣོན་པོ་ཡིས་མུན་ནག་དང་དམར་འཛིང་བྱས་ནས། སྙིང་དམར་པོ་ཞིག་ནམ་ཡང་ལྷོག་ལྷོག་ཏུ་འཕར་བ་ནི་ཨ་མའི་བུ་ཡིས་རང་རྩིས་ཤེས་ལ་རང་རྟོན་མཁས་པའི་སྤོབས་པ་ལགས།།
༨
སུ་ཡིས་མགོ་ནས་མནན་རུང་། གང་གིས་འགྲམ་ནས་བཙིར་ཡང་།འགན་འཁྲིའི་འདུ་ཤེས་མེ་ལྟར་འབར་ཏེ་ཡིག་འབྲུ་རེ་རེ་ཡི་ནང་དུ་རྟོགས་སད་ཀྱི་རང་ཉིད་དང་། རང་ཉིད་ཀྱི་ཚེ་སྲོག་སིམ་ཡོད་པས་ཁྱི་སྨྱོན་ལྟ་བུར་ཡོད་ཚད་ལ་རྨུག་འདོད་ཆེ་བའི་ཁ་ཆེ་སྣ་ཆེ་མགོ་བོ་ཆེ་རྣམས་ཀྱིས་ཁྱེད་ཉིད་དཔའ་བོ་ཁེརརྒྱུག་ཏུ་བརྫངས་མོད། རྐང་འོག་ནས་འཐེན་པའི་དྲང་ལམ་གྱི་སྲབ་མདའ་སུ་ཞིག་གི་ལག་ཏུའང་མ་སྤྲད་པ་ནི་དབང་ཆེན་དབང་ལ་མི་སྐྲག སྟོབས་ཆེན་སྟོབས་ལ་མི་འཛེམས་པར་གནས་ལུགས་ཀྱི་རྒྱུན་བསྲིངས་པའི་སྙིང་སྟོབས་ལགས།།
༩
ཞི་འཇམ་གྱི་ཁྲོད་དུ་སྲོག་རྩ་སྐེམ་ཞིང་། སྨྲ་སྒོ་གཅོད་པའི་རྒྱབ་ཏུ་དབུགས་རྔ་ཆད་ཚུལ་ཁྱེད་གཅིག་པུས་མ་བཟོད་དེ་བསམ་ཕོད་བཤད་ཕོད་སྒྲུབ་ཕོད་ཀྱིས་བྱ་བའི་འགོ་གནོན་མཁན་དང་། བྱེད་པའི་མཇུག་འཐེན་མཁན་རྣམས་ལ་ཕོག་ཐུག་བཏང་བས་མཚོ་ཀློང་གི་གཡོར་གྲུ་བདག་མེད་ཅིག་གཏད་སོ་མེད་པར་ཤར་ནས་ལྷོ་རུ་དེད། ལྷོ་ནས་ནུབ་ཏུ་དེད་མཐར་ལང་ཚོའི་རྒྱུན་ཐག་བཅད་དེ་ཚེ་སྲོག་གིས་མཆོད་པ་ཕུལ། མཆོད་སྦྱིན་དེ་ནི་གནས་ལུགས་ཀྱི་སླད་དུ་ཡོད་ཚད་བློས་བཏང་བའི་བློ་སྤོབས་ཀྱི་དུང་བརྡ་གསལ་པོ་ཞིག་ལགས།།
༡༠
རིགས་ཀྱི་ལས་དབང་ལ་གཟིགས་པའི་འདྲེན་བྱེད་བཙུམས་ཤིང་།ལམ་གྱི་དྲང་ལྡོག་བཤད་པའི་ཞལ་ལྕེ་འབྱར་ཡང་། གངས་ལྗོངས་ཀྱི་ཕོ་ཉ་རུ་མངགས་པའི་དུང་བརྡ་རིང་པོས་ཐེངས་དང་པོར་མི་རྟག་སྒྱུ་མའི་རྨི་ལམ་དཀྲོགས་པ་ནས་བཟུང་། ང་ཚོ་བག་ཕེབས་སུ་སྡོད་མ་ཕོད་པར་རྐང་ལམ་ཕྲ་མོར་ལང་ཚོའི་རྦ་ཆུ་ལ་ཉན་ཞིང་སྤྲིན་དཀར་གྱི་འདབ་དྲན་བཞིན་སྤྲུལ་སྐུ་ཡི་སྤྲུལ་རྟགས་འཚོས་ནས་ཁྱེད་ཀྱིས་སྔར་མེད་སྟོང་ཆ་སྐོང་བའི་ཤུལ་ནོར་རུམ་གྱི་བྲོ་ལ་བརྩིས། ཕུགས་ཀྱི་ནོར་དུ་བསྒོམས་ཏེ་མི་དབང་བཙན་པོ་ཤེས་ཀྱིན། སྲོལ་གྱི་མཁར་རྫོང་མཐོང་གིན། བཙིར་གནོན་སྡུག་བསྔལ་མྱོང་བཞིན་དུ་མེ་ལྕེབས་ཕྱེ་མ་ལེབ་ཅིག་གིས་འོད་སྣང་ལ་ཕུལ་བའི་མཆོད་པ་ནི་སེམས་ནང་བྲིས་ཡོད། སྙིང་ལ་བརྐོས་ཡོད།།
༡༡
སྐྱི་གཡའ་བའི་གནམ་ངོ་མ་དྭངས་ཤིང་རྔམས་མཐུག་པའི་ས་ནག་མ་བསློག་གོང་དུ་གངས་རི་ལ་ཁ་གཏད་པའི་སྨྱུག་ཁ་ལྷོད་ཅིང་། གཙང་ཆུ་ལ་འཁོར་བའི་སྙིང་སྒྲ་འཇགས་ཀྱང་སེམས་ཀྱི་མཆོད་སྟེགས་སུ་ཁྱེད་ཉིད་ལ་གཞོམ་གཞིག་མེད་པས་ང་ཚོ་བསྟོད་སྨད་ཀྱི་གར་སྟེགས་ལས་བབ་སྟེ།རྐང་གཉིས་ས་གཞིར་དངོས་སུ་བཙུགས་ནས་མི་སྐད་བཤད་དེ་མི་ལུགས་འཚོལ། དེ་ནི་ཁྱེད་ཉིད་གསོན་དུས་གངས་རིའི་བུ་དང་འདས་དུས་ཁ་བའི་རྣམ་ཤེས་ཡིན་པའི་དན་རྟགས་ལགས།།
༡༢
ཚོར་བ་སྐྱེན་པོས་སེམས་སུ་རྨ་ཁ་ཆེན་པོ་ཞིག་དང་། དགའ་སྐྱོ་ཆགས་སྡང་གིས་ཡིད་ལ་ཕམ་ཁ་ལྗིད་པོ་ཞིག་བཞག་སྟེ་ཞི་བའི་དབྱིངས་སུ་གཤེགས་པ་ནི་འཇིག་རྟེན་གྱི་ལྟད་མོ་བལྟས་ཚར་བ་མ་ཡིན་ཏེ། གངས་རིའི་ཁྲོད་ཀྱི་ལྟད་མོ་མཐོང་མ་འདོད་པ་ལོས་ཡིན། ཡིན་ཡང་།ཁྱེད་ཀྱི་ཤུལ་དུ་ང་ཚོ་ལ་དྲན་གདུང་གི་མིག་ཆུ་ལྷུང་ཞིང་ངར་སྐྱོད་ཀྱི་རྔུལ་ཆུའང་བཞུར་གྱིན་དུས་རབས་ཀྱི་སྒོ་མོ་རྩོམ་རིག་གིས་ཕྱེ་སྟེ། རང་རིགས་ལ་བཟང་བཤད་ཁོ་ན་མིན་པར་སྐྱོན་བརྗོད་མཚང་འདྲུའི་འོས་འགན་དགའ་བས་དང་དུ་བླངས། དེ་ནི་ལག་སྟོང་མཆན་བཅུག་གི་ལྟད་མོ་བ་ཚོས་གཞི་ནས་སྨྲ་སྒོ་འབྱེད་པའི་རྟེན་འབྲེལ་ལགས།།
༡༣
རྒན་པོའི་ཁ་ནས་ང་རྒྱལ་ཁེངས་དྲེགས་ཅན། གཞོན་ནུའི་ངག་ལས་བློ་འབྱེད་བསམ་བློ་པ་ཞེས་སྒྱུ་རྩལ་གྱི་འཇིག་རྟེན་དུ་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་གྱེས་སྲིད་ཀྱང་། རང་གཤིས་ནི་མི་ཚེའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཡིན་ན། དགྲ་བོ་རྣམས་ལ་ངོ་རྒོལ་བྱེད་པར་སྤོབས་པ་ཡོད་དགོས་པ་མ་ཚད་གྲོགས་པོ་རྣམས་ཀྱི་མདུན་དུ་རང་གི་རྩ་དོན་དང་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པར་དེ་བས་བློ་སྤོབས་ཆེན་པོ་དགོས།།
༡༤
བཙན་པོའི་འཇིགས་སྐུལ་དང་གཉོམ་ཆུང་གི་བསླུ་བྲིད་ལ་ཅིའང་མི་སྙམ་པར་བག་ཕེབས་ཀྱི་འགྲོ་སྟངས་ལས། ངས་ཁ་གྲག་ཚད་ལ་འོ་འོ་ལགས་ལགས་དང་དབང་ཡོད་ཚད་ལ་གུས་གུས་ཞུམ་ཞུམ་བྱེད་པ་ནི་གཡོག་པོའི་རང་གཤིས་དང་། བསྟོད་སྨད་ཡོད་ཚད་སྒལ་པས་འདེགས་ཤིང་ཁུར་དུ་བཟོད་པ་ནི་སྡར་མའི་སྙོམ་ལས་ཡིན་པ་ཤེས་བྱུང་། གལ་སྲིད་ཆེ་མ་ཆུང་གསུམ་ལ་མ་མི་མིན་མེད་སྦྱོར་བའི་བློ་སྤོབས་དང་ཐབས་མཁས་མེད་ན། གད་པའི་ཁ་རུ་དེད་དེ་འགྲོ་ན་ལྷུང་ཞིང་ལྡོག་ན་འགྱེལ་བའི་གནས་སུ་འགྱུར་ངེས།།
༡༥
ཁེར་རྐྱང་གི་ལོ་ཟླའི་འགྲོས་སུ་རྣམ་ཤེས་ལ་རྒྱབ་འགལ་མེད་པར་བསམ་གཞིག་གི་ཁྲག་རྒྱུན་བཞུར་ཞིང་། བཏུང་བྱ་ཞིམ་པོས་མགྲིན་པ་མ་བརྣངས་ཏེ་དགོད་བྲོ་ལ་ངུ་འདོད་པས་རང་མིས་བཏོད་པའི་ལྔ་ལམ་དུ་གཤེགས་ཀྱང་། ནམ་ཡང་གསོན་པའི་རྣམ་ཤེས་ཤིག་གིས་ཞི་བའི་དབྱིངས་ནས་ང་ཚོའི་ངུ་དགོད་ལ་གསན་ཡོད། དག་པའི་ཞིང་ནས་ང་ཚོའི་འགྲོ་འདུག་ལ་གཟིགས་ཡོད།།
གངས་དབང་གི《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ལས་བདམས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10