སྔོ་ལྗང་གྲོང་ཡུལ་རི་མོ་བཞིན་དུ་མཛེས།། སྐྱེ་ཁམས་ཕན་འབྲས་ཡར་ངོའི་ཟླ་བཞིན་རྒྱས།།

ཀུན་དགའ་དང་སྐལ་བཟང་རྒྱ་མཚོས་བསྒྱུར།        2024-04-24

རོང་བྲག་རྫོང་གིས་ནགས་དཔོན་ལམ་ལུགས་ལག་ལེན་བསྟར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་བའི་མགྱོགས་བྲིས།

རི་སྔོ་ཆུ་དྭངས་མཛེས་སྡུག་རི་མོ་བཞིན་དུ་བཀྲ། དཔྱིད་དུས་མཛེས་མའི་ལུང་ན་ལྗང་མདོག་གིས་བསྐོར་ཅིང་མེ་ཏོག་གིས་ཁེངས། དེ་མིན་གངས་རི་དང་མཚེའུ། ནགས་ཚལ་དང་བོད་གྲོང། མཁར་རྫོང་སོགས་ལས་མི་རྣམས་ཀྱི་མིག་དབང་འཕྲོག་ལ་ཡིད་དབང་འགུགས་བཞིན་ཡོད། དེ་དག་ནི་རོང་བྲག་རྫོང་གིས་ནགས་དཔོན་ལམ་ལུགས་ཁྱབ་སྤེལ་བཏང་བ་ལས་བྱུང་།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅངས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་། 2023ལོར་རྫོང་དེས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་བཙུགས་ནས་སི་ཁྲོན་ཞིང་ཆེན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་པར་སྔོན་ཐོན་ཐུན་མོང་དང་ནགས་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་ལ་དཀར་མཛེས་ཁུལ་གྱི་བྱ་དགའ་ཨང་དང་པོ་ཐོབ།

སྐྱེ་ཁམས་ཐོན་ཁུངས་སྲུང་བར་ཤུགས་བརྒྱབ་ནས།། ལྗང་མདོག་ལེའུ་རྩོམ་པའི་ལས་ལ་འབད།།

དཔའ་དབང་ཡུལ་ཤོག་སྟོབས་ལེགས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་སུང་པའེ་ཡིས་མེ་ཟོན་དུས་སྐབས་སླེབས་པ་ནས་བཟུང་། གྲོང་སྡེའི་ཨུ་ལྷན་གྱི་ཁོངས་མིས་ཉིན་ལྟར་རེས་སྐོར་ནས་ཁོངས་གཏོགས་ནགས་སུ་སྐོར་ཞིབ་བྱས་པར་མ་ཟད། སྐྱེ་ཁམས་ནགས་སྲུང་པ་ནགས་སུ་སྐོར་ཞིབ་འགྲོ་མིན་ལ་ལྟ་སྐུལ་བྱེད་བཞིན་ཡོད། གྲོང་སྡེ་རིམ་པའི་ནགས་སྲུང་དཔོན་ཞིག་ཡིན་པའི་ངོས་ནས་ནགས་ཁུལ་གྱི་མེ་ཁུངས་དོ་དམ་ལ་ཤུགས་རྒྱག་པ་དང་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག། སྐྱེ་ཁམས་ལྗང་མདོག་གི་ཁྱིམ་གཞིས་སྐྲུན་ཆེད་སྟོབས་ཤུགས་འབུལ་བ་ནི་ང་ཚོས་ངེས་པར་བསྒྲུབ་དགོས་པའི་འགན་འཁྲི་ཡིན་ཞེས་བཤད།

སུང་པའེ་ནི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ་གྲོང་སྡེ་རིམ་པའི་ནགས་སྲུང་དཔོན་ཞིག་ཀྱང་ཡིན།ནགས་ཚལ་ལ་སྐོར་ཞིབ་བྱ་རྒྱུ་དེ་གྲོང་སྡེའི་ཨུ་ལྷན་གྱི་ཁོངས་མིའི་ཉིན་ལྟར་སྒྲུབ་པའི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ནགས་ཚལ་སྐོར་ཞིབ་དང་ལྗང་མདོག་སྲུང་སྐྱོང་བྱ་ཆེད། རོང་བྲག་རྫོང་གིས་དཔོན་གཅིག་དང་ཁོངས་མི་གཉིས(རིམ་པ་གསུམ་པའི་ནགས་དཔོན། སྤྱི་ཁུལ་ནགས(རྩྭ)སྲུང་པ། ལྟ་སྐུལ་པ)ཀྱི་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དྲ་བ་ཅན་གྱི་དོ་དམ་འགན་འཁྲིའི་ལམ་སྲོལ་བཙུགས་ཡོད། རྫོང་ཡོངས་སུ་རིམ་ཁག་ནགས་སྲུང་དཔོན209དང་། ལྟ་སྐུལ་དོ་དམ་པ140དང་། ནགས་སྲུང་པ966བཅས་བསྡུས་ནས་གོང་འོག་མཉམ་འགུལ་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

རྫོང་ནགས་རྩྭ་ཅུས་ཀྱི་འགན་འཁུར་བས་སྐྱེ་ཁམས་ཐོན་ཁུངས་དོ་དམ་ལ་ཤུགས་རྒྱག་ཆེད། རོང་བྲག་རྫོང་གིས་ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་ལམ་སྲོལ་བཏོན་ནས་ཉེ་འགྲམ་གྱི་བཙན་ལྷ་རྫོང་དང་ནགས་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་ཚོད་འཛིན་གྱི་གྲོས་མཐུན་བཞག་ཡོད། དཔོན་བཞིས(ནགས་དཔོན།ཉེན་རྟོག་དཔོན།ཞིབ་དཔྱོད་དཔོན།ཁྲིམས་ཁང་དཔོན།)མཉམ་འགུལ་ལས་ཀའི་ལམ་སྲོལ་བཙུགས་ནས་སྟོང་དགུ་གྲོང་རྡལ་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཉེན་བརྡའི་སློབ་གསོ་རྟེན་གཞི་བཙུགས་ཡོད་ཅེས་བཤད།

དཔྱིད་གསར་དུས་ཆེན་དང་།3•30དྭངས་གསལ་དུས་ཆེན་སོགས་མེ་ཤོར་ཉེན་ཁ་ཆེ་བའི་དུས་སུ་རོང་བྲག་རྫོང་གིས་ནགས་ཚལ་སྐོར་ཞིབ་ཀྱི་གཙོ་གནད་ནང་དོན་ལ་དམིགས་ནས་ནགས་ཚལ་སྐོར་ཞིབ་ལས་དོན་སྤེལ་ཡོད། རྫོང་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད་དང་སྡེ་ཁག་གི་འགན་འཁུར་བ་འབྲེལ་གཏུག་ཡུལ་ཤོག(གྲོང་རྡལ)ལ་ཕེབས་ནས་ནགས་ཚལ་སྐོར་ཞིབ་ལས་དོན་སྤེལ་བ་དང་། ཡུལ་ཤོག་དང་གྲོང་སྡེ། ནགས(རྩྭ)སྲུང་པ966བཅས་ཀྱིས་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་ཉིན་གང་བོར་མེ་ཟོན་དྲིལ་བསྒྲགས་དང་། རི་སྐོར་ནགས་སྲུང་། མངོན་མེད་རྐྱེན་ངན་ཚགས་བཤེར་བཅས་བྱས་ནས་ཚང་མ་མེ་ཟོན་ནང་ཞུགས་པ་དང་ཚང་མ་མེ་ཟོན་པ་ཡིན་པའི་ལས་ཀའི་རྣམ་པ་ཞིག་བསྐྲུན་ཏེ་ལོ20བསྟུད་མར་ནགས་ཚལ་དང་རྩྭ་ཐང་དུ་མིས་བཟོས་མེ་སྐྱོན་བྱུང་མེད་པས་ཞིང་ཆེན་དང་ཁུལ་གྱིས་ནགས་རྩྭ་མེ་ཟོན་སྔོན་ཐོན་ཚན་པར་ཐེངས་མང་བདམས་ཡོད། ད་ལོའི་དུས་ཚིགས་དང་པོར་རྫོང་ཡོངས་ཀྱི་རིམ་ཁག་ནགས་དཔོན་གྱིས་ནགས་ཚལ་ལ་སྐོར་ཞིབ་ཐེངས18000ལྷག་བྱས་པ་དང་། བསང་གཏོང་ས448དང་། དུར་ས17379ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཡོད།

ཨ་ཁུ། ད་ལྟ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགག་རྩའི་དུས་སྐབས་ཡིན་པས། ཕྱི་རོལ་དུ་མེ་སྤྱོད་མི་རུང་། ནགས་ཁུལ་དུ་བ་འཐེན་མི་ཆོག། དུར་སར་དུར་ཤོག་བསྲེགས་མི་ཆོག། ཤོག་སྦག་སྤར་མི་ཆོག་ཅེས་རོང་བྲག་རྫོང་གི་ཡུལ་གྲོང་ཁག་གི་ཞིང་ཁ་དང་སྒོ་ར། རི་ལམ་མདོ་བཅས་གང་སར་ལས་བྱེད་པས་མེ་ཟོན་དྲིལ་བསྒྲགས་བྱེད་བཞིན་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

རོང་བྲག་རྫོང་ནགས་དཔོན་ལམ་ལུགས་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།རོང་བྲག་རྫོང་གི་དཔྱིད་དུས་གནམ་གཤིས་དྲོ་རུ་ཕྱིན་པ་དང་། གནམ་གཤིས་སྐམ་པ། མེ་སྐྱོན་གྱི་རིམ་པ་མཐོ་རུ་ཕྱིན་ནས་མེ་ཟོན་ལས་དོན་གྱི་གནོན་ཤུགས་ཧ་ཅང་ཆེན་པོ་ཡིན་ཞིང་། མེ་སྐྱོན་སྔོན་ཟོན་ལས་དོན་ཡག་པོར་བསྒྲུབ་ཆེད། རོང་བྲག་རྫོང་གི་ཡུལ་ཤོག་གྲོང་སྡེ་ཁག་བཅས་དང་ནགས(རྩྭ)སྲུང་པ966དུད་ཚང་རེ་རེའི་སྒོ་ཁར་བསྐྱོད་ནས་དྲན་སྐུལ་བྱས་ཏེ་མང་ཚོགས་དང་།ཡུལ་སྐོར་བ།ཕྱི་ནས་ཡོང་བའི་ལས་མི་བཅས་ལ་ནགས་རྩྭའི་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་བ་དང་། ཚང་མས་ཐུན་མོང་ཐོག་མེ་ཟོན་དང་།དུས་དང་རྣམ་པ་ཀུན་ཏུ་མེ་ཟོན་འདུ་ཤེས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

མེ་ཟོན་མེ་འགོག་གི་དུས་ཚོད་ཤར་བ་ནས་བཟུང་རོང་བྲག་རྫོང་གིས་ཁྱོན་དྲིལ་བསྒྲགས་སྦྱར་ཡིག1500ལྷག་དང་། མཚོན་རྟགས་བྱང་བུ200བཟོས་པ། དྲིལ་བསྒྲགས་དཔྱད་ཡིག་དེབ62300ལྷག་སྤྲད་ཅིང་། མེ་ཟོན་དྲན་སྐུལ་འཕྲིན་ཐུང་ཁྲི2.6ལྷག་བསྐུར་བ། ཉེན་བརྡའི་སློབ་གསོ་ཐེངས300ལྷག་སྤེལ་བ། མེ་ཟོན་གསལ་རྟོགས་བྱང་བུ་བཀལ་བ་དང་། མེ་ཟོན་བརྡ་ཐོ་སྤྲོད་པ། མེ་ཟོན་ཁས་ལེན་ཡི་གེ་བཞག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་ལས་དོན་ཡག་པོར་བསྒྲུབས་ཡོད་པ་རེད།།

སྐྱེ་ཁམས་འཛུགས་སྐྱོང་གི་སྨྱུ་གུ་སྤྱད་ནས།།

འབྱུང་འཕྲོད་འཕེལ་རྒྱས་ཀྱི་རྩོམ་ཡིག་འབྲི།།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བྱས་ནས་སྐྱེ་ཁམས་ལས་གཞི་འཛུགས་སྐྱོང་ལག་ལེན་བསྟར་རྒྱུ་དེ་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཡོད། རྫོང་ནགས་རྩྭ་སྡེ་ཚན་གྱིས་བྱ་སྤྱོད་དངོས་སྤེལ་ཏེ་ཆུ་བོ་ལྔ་དང་ལམ་ཐིག་གཉིས་གཙོས་བྱས་པའི་ཐོག་གྲོང་ཡུལ་མཐའ་འཁོར་ཞོར་དུ་བསྣན་ནས“གཞི་ཁྱོན་ཆེ་བའི་ལྗང་འགྱུར་བྱ་སྤྱོད”ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དེ་གའི་མང་ཚོགས་རང་རྟོགས་དང་ཧུར་ཐག་གི་སྒོ་ནས་སྐྱེ་ཁམས་ལས་གཞི་འཛུགས་སྐྱོང་དུ་ཞུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཐད་ཚང་མས་ཤུགས་འདོན་བཞིན་ཡོད།

རྫོང་ནགས་རྩྭ་ཅུས་སྐྱེ་ཁམས་ཉམས་གསོ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རོང་བྲག་རྫོང་གིས་མ་དངུལ་སྒོར་ཁྲི5610བཏང་ནས་སྐྱེ་ཁམས་བར་ཁྱམས་སྤྱི་ལེ149བསྐྲུན་པ་དང་ཞན་འགྱུར་ནགས་ཚལ་མུའུ4000ཉམས་གསོ་བྱས། རི་བཀག་ནགས་འཛུགས་མུའུ15000དང་། མིས་བཟོས་ནགས་ཚལ་མུའུ1000བཟོས་ཡོད། གྲོང་ཡུལ་གྱི་སྒོ་ར་དང་དམིགས་བསལ་ས་ཚུགས་ལྗང་འགྱུར་མུའུ540བྱས་ཤིང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི1.5བཅོས་སྐྱོང་ཐུབ་ཡོད། རྫོང་ཡོངས་ཀྱི་ནགས་ས་རྒྱ་ཁྱོན་མུའུ་ཁྲི481.58དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི135.06ལ་ཟིན་པ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི2653.2ལ་ཟིན་ཞིང་། ནགས་ཚལ་ཁེབས་ཚད་བརྒྱ་ཆ46.95ལ་ཟིན་ཡོད་པ་རེད།

འབྲུ་སྨིན་ལུང་དུ་བསྐྱོད་སྐབས། ངོགས་གཉིས་ཀྱི་རི་ལྡེབས་སུ་སྐྱེས་པའི་སྡོང་རྒན་གྱི་རྩེ་མོ་གནམ་ལ་ཐུག་པ་དང་མཚུངས། རྩི་ཤིང་སྣ་ཚོགས་ལྗང་ཐིང་ངེ་བ་མཆིས། ལུང་པ་དེའི་ལྗང་མདོག་ནི་རྩི་ཤིང་གི་མདོག་མིན་པ་རིན་པོ་ཆེན་བཻཌཱུརྱ་ཡི་ཞུན་མ་བྱུགས་པ་ཞིག་མ་ཡིན་ནམ་སྙམ་པའི་སྣང་བ་སྟེར་བས་རང་བྱུང་ལྡུམ་ར་ཞེས་པའི་མཚན་སྙན་ཐོབ་ཡོད། མཛེས་སྡུག་ལྡན་པའི་རི་ཆུའི་ཐོག་ནས་རོང་བྲག་རྫོང་གིས་སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་འགྲེལ་བཤད་ཕུན་སུམ་ཚོགས་པོ་བརྒྱབ་ཡོད་པ་རེད།

ད་ཆར་རི་ནི་ཇེ་སྔོ་རུ་ཕྱིན་པ་དང་ཆུ་ནི་སྔར་བས་ཇེ་དྭངས་སོང་། ནགས་ཚལ་ནང་གི་རི་སྐྱེས་ཤ་མོ་དང་སྔོ་ཁུ་ཚོད། མེ་ཏོག་སྦྲང་རྩི་སོགས་མང་དུ་ཕྱིན་ཞིང་། རག་མོ་ཤ་ཆེན་དང་སྙི་བ། དབྱར་རྩྭ་དགུན་འབུ་སོགས་རྒྱ་ལུགས་སྨན་རྫས་ཀྱང་ཇེ་མང་དང་ཇེ་ཡག་རེད། དུས་ཆེན་དང་གུང་གསེང་རིང་ཡུལ་སྐོར་བ་ཡང་ཇེ་མང་དུ་སླེབས་ཡོང་། ཡུལ་མི་ཁག་གཅིག་གིས་ད་དུང་གནས་ཚང་དང་གྲོང་སྡེའི་སྤྲོ་འཆམ་གླིང་གཉེར་བཞིན་ཡོད། རི་ནགས་དེའི་དྲིན་གྱིས་ང་ཚོ་མི་སེར་གྱི་འཚོ་བ་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་ཅེས་ཕ་ཚང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཀྲུང་ལིན་གྱིས་མིག་མདུན་གྱི་ནགས་ཚལ་དེར་ལྟ་བཞིན་སེམས་འགུལ་ཆེན་པོས་དེ་ལྟར་བཤད།

མི་ཡིས་རི་སྔོན་པོར་གཅེས་ན། རི་སྔོན་པོས་མིར་བརྩེ་ཐག་ཆོད་ཡིན། ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནགས་ཚལ་བདེ་ཐང་གསོ་སྐྱོང་དང་། སྐྱེ་ཁམས་ཡུལ་སྐོར། འདེབས་འཛུགས་གསོ་སྤེལ། རྒྱ་ལུགས་སྨན་རྫས་སོགས་ནགས་ཚལ་འོག་གི་ཐོན་ལས་ལག་ལེན་མཐར་ཕྱིན་བསྟར་བ་རེད། སྐྱེ་ཁམས་ཁོར་ཡུག་བཟང་པོ་སྤྱད་དེ་གྲོང་སྡེའི་ཡུལ་སྐོར་གཙོ་གནད་དུ་འཛིན་པའི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་ཡོད། དེ་བཞིན་དཔྱིད་ཀར་མེ་ཏོག་ལ་བལྟ་ཆོག་པ་དང་དབྱར་ཁར་ཚ་གཡོལ། སྟོན་ཀར་མཛེས་ལྗོངས་ལ་བལྟ་ཆོག། དགུན་ཁར་ཉི་མ་ལྡེ་ཆོག་པའི་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་སྤེལ་ནས་དབྱར་སྐྱེལ་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར། གྲོང་སྡེའི་ཡུལ་སྐོར་། རྒྱལ་རོང་བུད་མེད་རིག་གནས་ཡུལ་སྐོར་སོགས་ཡུལ་སྐོར་བྱ་ཡུལ་གཙོ་བོ་བསྐྲུན་པ་རེད། ཞིང་ཆེན་དང་ཁུལ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ3དང་། ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང2དང་། ཞིང་ཆེན་རིམ་པའི་ལྗོངས་ཁུལ་གྲགས་ཅན1དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་ཆུང་ངུ་དང་ནགས་ཚལ་ཁྱིམ་ཚང་སོགས9བཙུགས་པ་རེད། Aབཞིའི་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ1དངAགསུམ་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ3བཅས་བསྐྲུན་ཡོད། 2023ལོར་ཡུལ་སྐོར་བ་ཁྲི310ཡན་ལ་སྣེ་ལེན་ཞུས་ཡོད། ཀྲུང་གོའི་ཆེས་མཛེས་སྡུག་གི་གྲོང་སྡེ་སྟེ་གནའ་བའི་མཁར་རྫོང་དང་བོད་གྲོང་། མཛེས་མའི་ལུང་པ་ཞེས་པའི་ཟོང་རྟགས་ཇེ་གྲགས་སུ་གཏོང་བ་དང་། “རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རི”ལ་བསྒྱུར་ཡོད།

དཀའ་དཀའ་བྲག་ལ་མ་འཛེགས་ན།། བདེ་མོ་སྤང་ལ་ཐོན་མི་སྲིད།། ཅེས་པ་ལྟར། རོང་བྲག་རྫོང་གིས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་དུ་དཀའ་ངལ་གང་འདྲ་འཕྲད་རུང་དང་དུ་བླངས་ནས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད། ངོ་མཚར་ཆེ་བའི་ས་ཆ་དེའི་ཐོག་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་རོང་བྲག་མི་རིགས་ཁག་གི་བུ་དང་བུ་མོ་ཚོས་མཛེས་སྡུག་དང་ཉེན་མེད། སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རོང་བྲག་གསར་པ་སྐྲུན་པའི་དམིགས་འབེན་བཟུང་ནས་ཡིད་ཆེས་དང་། བློ་རིག། གཏོང་ཕོད། ལས་བརྩོན་བཅས་ལ་བརྟེན་ནས་རོང་བྲག་གི་སྐྱེ་ཁམས་འཛུགས་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དེ་འབྲི་བཞིན་ཡོད།།

  • ལེ་ཚན་སྔོན་མ།:སྒྲིག་སྲོལ་ནན་པོ་དང་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་འབྲི་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།