ཚེ་རིང་ལྷ་འཛོམས། 2024-10-15
(གནད་བསྡུས།)འཕྲིན་སྦྱོར་མཉམ་འདྲེས་བྱས་ནས་ལོ་གཅིག་ལ་ཉེ་བར་ང་རང་བོད་ཡིག་ཚགས་པར་རྩོམ་སྒྲིག་པ་ཞིག་ཡིན་པའི་ངོས་ནས་ལྷག་པར་དུ་ཏང་གི་ཚགས་པར་གྱི་རྩོམ་སྒྲིག་པ་ཞིག་ཡིན་པས་ཐོག་མར་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་།གླེང་ཕྱོགས་ཀྱི་ཁྲིད་སྟོན་དམ་འཛིན་ཡག་པོ་བྱེད་པ། སྲོལ་རྒྱུན་འཕྲིན་སྦྱོར་གྱི་ལེགས་ཆ་དང་སྤྱོད་ཚུལ་བརྟན་སྲུང་བྱེད་པ་དང་། དེ་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ལས་ཀའི་འདུ་ཤེས་དང་ལས་ཀ་བྱེད་སྟངས་བསྒྱུར་ནས་བོད་ཡིག་འཕྲིན་སྦྱོར་གསར་པའི་ཁྱབ་སྤེལ་བྱེད་སྟངས་ལ་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་བརྩོན་ཞིང་ལྷག་པར་དུ་ཚགས་པར་རྩོམ་སྒྲིག་བྱེད་སྟངས་ལེགས་བསྒྱུར་བྱས་ནས་ཀློག་པ་པོར་ལྟ་སྤུས་ཡོད་པ་དང་ཀློག་རེ་ཡོད་པའི་གསར་འགྱུར་སྤུས་ལེགས་ཤིག་དང་ཀློག་པ་པོས་ལྟ་དགའ་ཉན་སྤྲོ་བའི་ཚགས་པར་ཞིག་་མངོན་ཐུབ་པར་རང་ནུས་ཅི་ཡོད་འབུལ་དགོས།
(གནད་ཚིག)འཕྲིན་སྦྱོར་མཉམ་འདྲེས། ཚགས་པར་རྩོམ་སྒྲིག་པ། མགར་བཟོའི་སྙིང་སྟོབས།
གཅིག་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།
ཏང་གི་ཚགས་པར་ནི་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་པ་ལས།ལས་སྒོའི་ལས་ཀ་ཁོ་ན་ཞིག་གཏན་ནས་མ་ཡིན་པར།ཆབ་སྲིད་ལ་དང་འདོད་བྱེད་པ་དེ་ཨང་དང་པོ་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་མེད་ན།ཏང་གི་གསར་འགྱུར་དང་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་མི་ཐུབ། འཕྲིན་སྦྱོར་མཉམ་འདྲེས་དུས་སུ་བོད་ཡིག་ཚགས་པར་རྩོམ་སྒྲིག་པར་ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་ཡོད་དགོས་ལ། ངེས་པར་དུ་“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་།“ཡིད་ཆེས་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”སྒྲུབ་པ་བཅས་བྱས་ཏེ།ཏང་གི་ངོ་བོ་རྩ་དོན་རྒྱུན་འཁྱོངས་བརྟན་པོ་དང་།གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་དམ་འཛིན་བརྟན་པོ་བྱ་དགོས།། ཏང་གི་ངོ་བ་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་གསར་འགྱུར་གླེང་ཕྱོགས་ལས་དོན་ནང་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་བའི་རྩ་དོན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་དྲིལ་བསྒྲགས་བསམ་བློ་ལས་དོན་ལ་དམིགས་ནས་གསུང་བཤད་གལ་ཆེན་ཐེངས་མང་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་།བསམ་བློ་གསར་པ་དང་ལྟ་བ་གསར་པ་དང་ཆོད་གཅོད་གསར་པ་རབ་དང་རིམ་པ་བཏོན་ཡོད། ཚགས་པར་རྩོམ་སྒྲིག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་དྲིལ་བསྒྲགས་་གསར་འགྱུར་སྤེལ་བའི་ཁྲོད་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་ཁོང་དུ་ཆུད་པ་དང་།ཏང་གི་རིགས་པའི་གཞུང་ལུགས་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་སོགས་དྲིལ་བསྒྲགས་དང་འགྲེལ་བཤད་ཡང་དག་པ་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བྱ་དགོས། དར་ཆ་གསལ་བོར་ཆབ་སྲིད་བརྩི་འཇོག་དང་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་བླང་བྱ་རྩོམ་སྒྲིག་པའི་ལས་ཀའི་ཐོག་དངོས་སུ་མངོན་པ་བྱ་དགོས། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་རྣོན་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་ཆེ་རུ་བཏང་ནས་གསར་འགྱུར་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོང་བྱ་དགོས།
མགར་བཟོའི་སྙིང་སྟོབས་ལ་བརྟེན་ནས་གསར་འགྱུར་བརྩམས་ཆོས་བྲིས་དགོས།
གསར་འགྱུར་སྤུས་ལེགས་བྲིས་རྒྱུའི་འདུ་ཤེས་ཡོད་དགོས། བོད་ཡིག་ཚགས་པར་རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་འདེམས་རྒྱུར་ཞིབ་ཚགས་དང་།གསར་འགྱུར་མ་ཡིག་རྩོམ་སྒྲིག་དང་བསྡུ་སྒྲིལ་བྱས་ཏེ་ཕྱོགས་བསྡུས་ཅན་དང་།རབ་དང་རིམ་པ་ཅན།གཏིང་ཟབ་ཅན་བཅས་ཀྱི་མངོན་ཚུལ་ཆགས་དགོས་པ་དཔེར་ན། གསར་འགྱུར་རབ་རིམ་དང་། གཙོ་དོན་གསར་འགོད།དཔེ་མཚོན་གསར་འགྱུར་སོགས་བྱས་ཏེ་ཚགས་པར་གྱི་ནང་དོན་ཟབ་ཚད་དང་། མ་ལག་ལྡན་པ། དབང་གྲགས་བཅས་ཀྱི་ལེགས་ཆ་མངོན་པར་བྱ་དགོས། རྩོམ་སྒྲིག་ཞིབ་ཚགས་བྱས་ཏེ་གསར་འགྱུར་གྱི་ཁ་བྱང་དང་། དུམ་མཚམས། ཐ་སྙད་བཅས་ལ་བསམ་བློ་ཞིབ་ཚགས་དང་། བཟོ་བཅོས། སྦྱོང་བརྡར་བཅས་ཞིབ་ཚགས་བྱས་རྗེས་གཞི་ནས་ཡིག་སྒྱུར་བྱས་ནས་རྩོམ་ཡིག་སྤུས་ལེགས་དང་པར་ངོས་མཛེས་པོ་བརྡརབཟོ་ཐུབ་རྒྱུ་རེད།
ལས་ཀའི་སྤྱོད་ཚུལ་ནན་པོ་རྒྱུན་འཁྱོངས་བྱ་དགོས། དོན་དངོས་ནི་གསར་འགྱུར་གྱི་སྲོག་ཡིན་པ། ཡི་གེ་ནོར་འཁྲུལ་ཞིག་དང་།གྲངས་གཞི་ཞིག་ནོར་བ། བཤད་སྟངས་ཤིག་འོས་འཚམ་མིན་པ་བཅས་ཚང་མས་གསར་འགྱུར་གནས་ཚུལ་སྤེལ་བའི་དོན་དངོས་རང་བཞིན་དང་ཡིད་རྟོན་རང་བཞིན་ལ་གནོད་པ་ཐེབས་པས། ཚགས་པར་ནི་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་དབང་གྲགས་རང་བཞིན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་སྲིད། དེར་བརྟེན་བོད་ཡིག་ཚགས་པར་རྩོམ་སྒྲིག་པས་ལས་ཀའི་སྤྱོད་ཚུལ་དང་རྣམ་འགྱུར་གཟབ་ནན་རྒྱུན་འཁྱོངས་བྱས་ཏེ་རྩོམ་ཡིག་གདམ་གསེས་དང་དབྱེ་འབྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། བོད་ཡིག་རྩོམ་སྒྲིག་པས་སྤྱོད་ཚུལ་གཟབ་ནན་གྱིས་གསར་འགྱུར་མ་ཡིག་གི་ནང་དོན་ལ་དོགས་འདྲི་བྱེད་ཕོད་པ་ནི་གནད་འགག་ཡིན་པ། རྩོམ་ཡིག་གི་སྲིད་ཇུས་ནོར་འཁྲུལ་དང་།ཡི་གེའི་ནོར་ཤུལ།གྲུབ་ཚུལ་ནོར་ཤུལ།རྒྱུན་ཤེས་ནོར་འཁྲུལ་སོགས་ཐད་ཡོ་བསྲང་བྱེད་ཕོད་པ། ནོར་འཁྲུལ་འཚོལ་བའི་མིག་གིས་གསར་འགྱུར་མ་ཡིག་ཡང་བསྐྱར་རྩོམ་སྒྲིག་དང་ལས་སྣོན་བྱས་ཏེ།གནད་ལ་འཁེལ་བའི་ལོ་ཙཱ་བྱས་ནས་ཀློག་པ་པོར་སྤུས་ཚད་མཐོ་བའི་གསར་འགྱུར་བརྩམས་ཆོས་སྟོན་གང་ཐུབ་བྱ་དགོས།
མགར་བཟོ་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱ་དགོས། བོད་ཡིག་རྩོམ་སྒྲིག་གི་ལས་ཀ་ནི་ཀླད་ཤུགས་ཀྱི་ལས་ཀ་ཞིག་ཡིན་ལ།དེ་བས་ཞིབ་ཚགས་ཀྱི་ལས་ཀ་ཞིག་ཀྱང་ཡིན།ལས་ཀ་བྱེད་སྐབས་བློ་སེམས་གཅིག་ཏུ་བསྒྲིམས་ནས་། དོགས་ཟོན་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་། འཕྲིན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ“ཐུང་སྙོམས་མགྱོགས”གསུམ་ནི་འཕྲིན་སྦྱོར་གསར་པ་མང་པོའི་རྩོམ་སྒྲིག་པའི“དགོས་ངེས་ཀྱི་རྩལ་ནུས”ཞིག་རེད། ཡིན་ན་ཡང་ཚགས་པར་རྩོམ་སྒྲིག་པའི་ངོས་ནས་བརྗོད་ན།རྩོམ་ཡིག་དང་པར་ངོས་ལ་ཞིབ་ཚགས་བཟོས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ཡག་ཐོག་སྤུས་ལེགས་བརྩོན་ལེན་བྱེད་པའི་མགར་བཟོ་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་སྔར་བཞིན་འགྱུར་བ་མེད་པའི་དོན་གཉེར་ཞིག་རེད། མི་དམངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཁྲེན་ཕེང་མིང་གིས་དཔེ་སྐྲུན་མི་སྣར་ལྡན་དགོས་པའི་ལག་ཤེས་པའི་སྙིང་སྟོབས་སྐོར་གླེང་སྐབས།དོན་ཚན་གསུམ་བཏོན་པ་སྟེ།ཡི་གེ་ལ་བརྩི་གུས་དང་རྒྱུན་འཛིན་དང་གསར་གཏོད་མཉམ་འཇོགལེགས་སྐྱེས་ཀྱི་སྙིང་སྟོབས་བཅས་ཡིན། བོད་ཡིག་ཚགས་པར་རྩོམ་སྒྲིག་པའི་ངོས་ནས་བརྗོད་ན། མགར་བཟོ་པའི་སྙིང་སྟོབས་ནི་སྤུས་ལེགས་རྩོམ་ཡིག་དང་སྤུས་ལེགས་པར་ངོས་དོན་གཉེར་བྱེད་པའི་ཐོག་ནས་མངོན་གྱི་ཡོད་པ་རེད། བོད་ཡིག་ཚགས་པར་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། རྩོམ་སྒྲིག་ལའང་བདེན་འཚོལ་དངོས་གཉེར་གྱི་རྣམ་འགྱུར་ཡོད་དགོས་པ། རྩོམ་ཡིག་དང་པར་ངོས་ལ་གཞིགས་ནས་རྣམ་པ་ཡག་ཤོས་ཀྱི་ཐོག་ནས་ལས་ཀའི་ནང་ཞུགས་དགོས་པ་དང་། རྩོམ་ཡིག་བཟོ་བཅོས་དང་རྩོམ་སྒྲིག་འགྲེམས་སྤེལ་བྱེད་པར་བརྩོན་དགོས།
ཚགས་པར་རྩོམ་སྒྲིག་པས་ད་དུང་ལེགས་སྐྱེས་ཕུལ་བའི་སེམས་པ་ཞིག་རྒྱུན་འཁྱོངས་བྱ་དགོས་པ། རྩོམ་སྒྲིག་ནི་མི་གཞན་ལ་གཉེན་སྟོན་གྱི་གྱོན་ཆས་བཟོ་བ་ལྟ་བུའི་ལས་གནས་ཤིག་ཡིན་ཞིང་།ཀློག་པ་པོའི་མདུན་དུ་མངོན་པ་ནི་རྩོམ་ཡིག་གཙང་མ་དང་མཛེས་སྡུག་ལྡན་པའི་པར་ངོས་ཡིན་པས།རྩོམ་སྒྲིག་གི་ལེགས་སྐྱེས་དེ་རྒྱུན་དུ་སྣང་མེད་དུ་འཇོག་གི་ཡོད། ཁྱད་པར་བོད་ཡིག་ཚགས་པར་རྩོམ་སྒྲིག་པའི་མ་སྒྲིག་བསྡུས་སྒྲིག་སྒྱུར་གསུམ་བརྒྱུད་ནས་གསར་ཐོན་པའི་གསར་འགྱུར་ཡིག་རིགས་སྐོར་གྱི་ངལ་བ་དང་འབད་བརྩོན་བྱེད་པ་ནི་སྨྲ་མི་དགོས་ཤིང་། དེར་བརྟེན།བོད་ཡིག་ཚགས་པར་རྩོམ་སྒྲིག་པས་ལས་གནས་ལ་ངོས་འཛིན་འདང་ངེས་ཡོད་པ་དང་ཞབས་ཞུའི་འདུ་ཤེས་འཛུགས་པ། ད་གཟོད་དཀའ་སྡུག་གི་ཁྲོད་ནས་སྤྲོ་སྣང་འཚོལ་ཐུབ།
གསུམ། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དགོས་གཏུག་རང་བཞིན་ངོས་འཛིན་གང་ལེགས་བྱ་དགོས་པ།
འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཁྲོད་སྲོལ་རྒྱུན་ཚགས་པར་རྩོམ་སྒྲིག་པས་་ཕུལ་བྱུང་གཤིས་རྒྱུད་དང་སྤྱོད་ཚུལ་བརྟན་སྲུང་བྱེད་པའི་དུས་མཚུངས་སུ་ཚགས་པར་རྩོམ་སྒྲིག་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཛ་དྲག་རང་བཞིན་ངོས་འཛིན་གང་ལེགས་བྱས་ཏེ་ཡིག་སྒྱུར་དང་རྩོམ་སྒྲིག་གི་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།ལས་ཀའི་བྱེད་ཐབས་གསར་གཏོད།ལས་ཀའི་བསམ་ཕྱོགས་སྒྱུར་བ་བཅས་བྱས་ཚེ་གཞི་ནས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་དང་འཚམ་པ་དང་ཀློག་པ་པའི་དགོས་མཁོ་སྐོང་ཐུབ།
ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། བོད་ཡིག་ཚགས་པར་རྩོམ་སྒྲིག་གིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ཕྱོགས་ཁག་གི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་བསྣན་ཏེ་ལས་སྒོའི་ཉམས་མྱོང་གསོག་འཇོག་བྱ་དགོས། ཕྱོགས་གཅིག་ནས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛུགས་པ་དང་།རིགས་པའ་གཞུང་ལུགས་ཀྱི་བྱང་ཚད་ལ་ཤུགས་བསྣན་ཏེ།།རང་ཉིད་ཀྱི་ཤེས་བྱའི་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་དང་། ཕྱོགས་གཞན་ཞིག་ནས་ཉེ་འགྲམ་གྱི་རྩོམ་སྒྲིག་རྒན་གྲས་དང་རྒན་རབས་རྒན་གྲས་ལ་སློབ་སྦྱོང་བྱེད་པ་དང་ལས་ཀའི་ཁྲོད་ནས་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱ་རྒྱུར་མཐོང་ཆེན་བྱ་དགོས།
འཕྲིན་སྦྱོར་མཉམ་འདྲེས་ཀྱི་དུས་རབས་སུ་བོད་ཡིག་ཚགས་པར་རྩོམ་སྒྲིག་པས་མ་སྐུལ་དང་བླངས་ཀྱིས་གསར་འགྱུར་གཅིག་གྱུར་འཆར་འགོད་ནུས་པ་ཆེ་རུ་གཏོང་བ་དང་།གསར་འགྱུར་ཚོར་སྐྱེན་ནུས་པ་དང་ལུགས་མཐུན་ཇུས་འགོད་དང་བརྗོད་གཞི་འདེམས་པ།གསར་འགོད་པ་དང་གསར་འགྱུར་སྔོན་གྱི་ཇུས་འགོད་དང་སླད་ཕྱིན་གྱི་རྩོམ་འབྲི་བ་སོགས་ཐད་ཧུར་ཐག་གིས་འབྲེལ་གཏུག་དང་སྤེལ་རེས་བྱེད་པ་དང་།གཙོ་གནད་གནས་ཚུལ་སྤེལ་བ་དང་གསར་འགྱུར་རབ་་རིམ་་སྤེལ་བ་ཐུན་མོང་ཐོག་ཇུས་འགོད་བྱེད་པ། དེ་དང་ཆབས་ཅིག་བོད་ཡིག་ཚགས་པར་རྩོམ་སྒྲིག་པས་ཀྱང་གསར་འགྱུར་ཆེད་སྒྲིག་ཐད་ཀློག་པ་པའི་ལྟ་ཚུལ་དང་གྲོས་འགོར་དོ་ཁུར་རྒྱ་ཁྱབ་བྱས་ཏེ་ཀློག་པ་པའི་སྤྲོ་སྣང་དང་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསར་འགྱུར་སྒྲོམ་གཞི་ལེགས་སྒྲིག་དང་བརྗོད་དོན་མི་འདྲ་བའི་པར་ངོས་མང་དུ་སྒྲིག་ནས་ཚགས་པར་རྩོམ་སྒྲིག་དང་ཀློག་པ་པའི་ཕྱོགས་གཉིས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱ་དགོས།
མདོར་ན། འཕྲིན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་བོད་ཡིག་ཚགས་པར་རྩོམ་སྒྲིག་ལས་དོན་དེ་སྲོལ་རྒྱུན་གྱི་རྩོམ་ཡིག་སྒྲིག་བསྒྱུར་་དང་ཡི་གེ་འདེམས་པ་ཁོ་ན་ཙམ་མ་ཡིན་པར།ད་ཡོད་ཀྱི་རྒྱུ་ཆའི་རྨང་གཞིའི་ཐོག་དེ་བས་དཔེ་གསར་གྱི་གསར་འགྱུར་སྔོག་འདོན་བྱས་ནས་ཀློག་པ་པོ་རྣམས་ཀྱིས་དེ་བས་དགའ་པོ་བྱེད་པའི་ཆ་འཕྲིན་བཙོ་སྦྱང་བྱས་ནས་ཀློག་པ་པོས་ལྟ་དགའ་ཉ་སྤྲོ་བའི་གསར་འགྱུར་ཞིག་སྟོན་དགོས་པ་གལ་ཆེའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10