ང་དང་ཁྱོད།

ཁམས་བྱང་།(བསོད་ནམ་ཤེས་རབ་ཀྱིས།)        2011-12-05

མི་ཚོགས་འདུ་འཛི་ཡི་མཐའ་ནས་འགྲེང་ཚེ།།
     ཆུང་དུས་རྩེད་གྲོང་གྲོགས་ཁྱོད་མཐོང་བ་མེད་པས།།
     སྐྱོ་གཞས་གཉོམ་པོ་ཞིག་ངག་ནས་ཟློ་བཞིན།།
     དྲན་པའི་སྙུག་ཁ་དེ་རྒྱང་ལ་ཕྱོགས་སོང་།།
     ན་ནིང་ས་གཞི་ལ་མེད་ཏོག་འཁྲུངས་དུས།།
     ཡིད་མཐུན་འུ་གཉིས་ཀྱང་མཉམ་དུ་འཛོམས་ཡོད།།
     ད་ལོ་དགུན་རྒྱལ་མའི་བུ་ཡུག་འཁྲུག་དུས།།
     རི་ཆུ་སྟོང་ཕྲག་གི་བཙན་གྱིས་ཕྱེ་འདུག།
     ལྷིང་འཇགས་ཁུ་སིམ་གྱི་མཚན་མོ་འདི་ལ།།
     ཁྱེད་ཀྱི་དྲོད་ཁོལ་གྱི་བཟི་ཁ་དྲན་ཀི།
     ཁྱོད་ཞལ་མ་མཐོང་བའི་ཉིན་དང་ཟླ་བར།།
     བརྩེ་བའི་བྲོ་བ་དེས་ངར་ཁ་ཇེ་བཙན།།
     ཁྱོད་ཞལ་ཡིད་འོང་གི་མཛེས་པའི་མེ་ཏོག།
     དབྱར་གྱི་སྤང་ཐང་ལ་འཁྲུང་ན་བསམ་བྱུང་།།
     རབ་མཛེས་ཨུཏྤལ་གྱི་ལྡུམ་རའི་བདག་པོ།།
     སྦྲང་ཆུང་ཁེར་འཕུར་ང་ཡིན་ན་འདོད་ཀི།
     མི་ཚེའི་ཀྱག་ཀྱོག་གི་བཤུལ་ལམ་རིང་མོར།།
     ཅི་འབྱུང་ངེས་མེད་ཀྱི་འདྲི་རྟགས་ཤིག་རེད།།
     བརྒྱ་ལ་ལས་དབང་གི་འགྲོ་ཕྱོགས་མཐུན་ན།།
     ཚེ་གཅིག་བརྩེ་དུང་གིས་མདུད་པ་རྒྱག་འདོད།།
  • ལེ་ཚན་སྔོན་མ།:གྱེས་གདུང་ཁྲོད་ནས་སླར་འཛོམས་བྱུང་སོང་།
  • ལེ་ཚན་རྗེས་མ།:ང་ནི་གཞན་དང་མི་འདྲ།