གངས་རིའི་གདུང་དབྱངས།
དམ་ཆོས་སྒྲོལ་མས། 2011-01-20
གངས་རི་དཀར་པོའི་དྲི་མེད་ཡུལ་གྲུ་འདི།།
གངས་རིའི་ཆོས་ལྡན་ཁང་ཆུང་གྲུ་བཞི་རུ།།
གངས་རིའི་ཨ་མའི་བལ་ལས་མལ་ཆས་ནང་།།
གངས་རིའི་བོད་ཕྲུག་ང་ཚོའི་ལྟེ་ཁྲག་འཛུམ།།
གངས་རིའི་ཨ་མས་གཅིན་སྐྱག་ཕག་གིས་བསལ།།
གངས་རིའི་མར་དང་རྩམ་པས་བུ་ཕྲུག་སྐྱོང་།།
གངས་རིའི་ཨ་མ་ཉིན་མཚན་དབྱེར་མེད་ཀུན།།
གངས་རིའི་བུ་ཕྲུག་ང་ཚོའི་དོན་དུ་རྒྱུགས།།
གངས་རིའི་ནང་ཆོས་གཞན་ལས་ཁྱད་འཕགས་ལྡན།།
གངས་རིའི་བཅུ་ཕྲག་ནོར་བུས་འཛམ་གླིང་གསལ།།
གངས་རིའི་འཕགས་མཆོག་སྐད་དང་ཡི་གེ་སོགས།།
གངས་རིའི་ཁྱད་ཆོས་བོད་ཕྲུག་ཚོ་ལ་ལྡན།།
གངས་རིའི་གཅེས་ཕྲུག་ལང་ཤོར་འགའ་རེ་ཡིས།།
གངས་རིའི་རང་གི་ན་མཉམ་གྲོགས་པོའི་གྲྭར།།
གངས་རིའི་རིག་གནས་སྣ་གཅིག་མ་བསླབ་པར།།
གངས་རིའི་ཕྱོགས་ཞེན་ཐབས་ཀྱིས་བཟོས་པ་སྐྱོ།།
གངས་རིའི་རིགས་རྒྱུད་བོད་ཡིག་ཤེས་པ་གལ།།
གངས་རིའི་ནོར་རྫས་བདག་འཛིན་བྱེད་པ་གལ།།
གངས་རིའི་ཡུལ་སྲོལ་གོམས་གཤིས་བརྒྱུད་པ་གལ།།
གངས་རིའི་དོན་བསྒྲུབ་དེ་བས་ཤིན་ཏུ་གལ།།