ཨ་ཅེ།
སི་བོད་སློབ་གྲྭ(ཆོས་དཔལ།) 2011-01-06
ཨ་ཅེ་ལགས། རྒྱུས་མི་མངའ་བའི་འཇིག་རྟེན་འདི་ནས་ཀྱག་ཀྱོག་གི་རྐང་ལམ་མང་པོ་ཞིག་བརྒྱུད་དེ་ཁྱོད་དང་ང་གཉིས་འཕྲད་པའི་ལས་དབང་བཙན་པོ་དེ་སུ་ཡི་ཤེས།
ཨ་ཅེ་ལགས། ཨ་ཕ་འཇིག་རྟེན་གཞན་པ་ཞིག་གི་ཕ་རོལ་ཏུ་སོང་བ་ནས་བཟུང་ཨ་མའི་སྐྱིད་སྡུག་གླེང་ས་དང་ནུ་བོ་ང་རང་གི་ཡིད་རྟོན་བྱེད་ས་ཡིན། ཁྱེད་ཉིད་ལ་སློབ་གླིང་དུ་བགྲོད་པའི་སྐལ་བ་ཐོབ་མེད་མོད། འོན་ཀྱང་། ཡ་རབས་དགེ་ལྡན་གྱི་བྱ་བ་མཐའ་དག་ཁྱེད་རང་གི་རྒྱུད་ལ་གནས། གཤིས་རྒྱུད་འཇམ་ལ་ཆོག་ཤེས་ལྡན་པ་དང་སྨྲ་བར་ཉུང་ཞིང་བློ་ཁོག་ཆེ་བ། སྡིག་པར་འཛེམས་ཞིང་བྱམས་སེམས་ཆེ་བ། དངོས་གནས། བདག་གིས་ཁྱེད་ལ་ཡིད་སྨོན་བྱེད་འདུག་བཞིན་ཡོད། ཨ་ཅེ་ལགས། ཁྱེད་ནི་གྲོང་གསེབ་ཏུ་དབྱེན་དཀྲུག་བྱེད་པའི་བུ་མོ་དེ་དག་དང་མི་འདྲ་བར། གདོང་ལ་ཚོན་རྩིས་རི་མོ་མ་བྲིས་ལ། ལུས་ལ་གཡུ་བྱུར་གྱི་རྒྱན་ཆའང་མི་དགོས་པར་ནམ་རྒྱུན་ལྭ་བ་ནག་སྐྱ་དེ་གྱོན་ནས་མ་འོངས་པའི་རེ་སྨོན་ཡོད་ཚད་ནུ་བོ་ང་ཉིད་ལ་བཅོལ་ཞིང་། ཨ་མ་ལ་ལས་རོགས་བྱས་ཏེ་འཛུམ་རྩེར་ཁྲག་རྣག་གིས་བཟུང་།
དེ་བས། ངས་བསམ་གཞིགས་རེ་བྱེད་དུས། སྤྲིན་ནག་འཁྲིགས་པ་ཞིག་གིས་ངའི་ཡིད་སེམས་ཡོངས་སུ་བསྒྲིབས་ཤིང་། དྲན་གདུང་གི་ཤོག་བུ་དཀར་པོའི་སྟེང་དུ་དྲག་ཏུ་འབབ་བ་ནི། ཁྱེད་ཀྱི་མི་ཚེའི་རིན་ཐང་ཡིན།