གཞན་ལས་ཁྱད་དུ་འཕགས་འདོད་ཕྲག་དོག་གི་མེ་ལྕེ།།
བསམ་པའི་ཕུགས་སུ་མ་མངོན་དྲང་བདེན་གྱི་འཁོར་ལོ།།
སེམས་ཀྱི་ཤིང་རྟར་དྲངས་ཏེ་རིས་མེད་དུ་བསྐོར་མཁས།།
ངེས་དོན་བབ་ཆགས་འཚོལ་མཁས་དྲིན་ཆེན་གྱི་ཡབ་ཡུམ།།
རིག་པའི་གཞུང་ལུགས་མ་སྦྱངས་བླུན་རྨོངས་ཀྱི་གཤིས་ཀ །
རིང་དུ་ཡལ་ཞིང་འཇིག་རྟེན་འགྲོ་ལུགས་ཀྱི་དྭངས་མ།།
སྤེལ་བར་མཁས་ལ་ཡ་རབས་སྲོལ་བཟང་གི་གུས་ལུགས།།
བླང་དོར་བློ་མིག་མ་ལྡོངས་དྲིན་ཆེན་གྱི་ཡབ་ཡུམ།།
སྙན་གྲགས་རྒྱུ་ནོར་མ་བསམ་ཐོས་པ་ཡང་མ་བཙལ།།
སྐད་རིགས་སྣ་ཚོགས་སྦྱངས་ནས་རྒྱལ་ཁམས་ཀྱང་མ་འགྲིམ།།
གོ་ལ་ཟླུམ་པོའི་ཡང་རྩེར་དཔའ་སྤོབས་ཀྱིས་འཚོ་བ།།
སྐད་རིགས་གཙང་མའི་བདག་པོ་དྲིན་ཆེན་གྱི་ཡབ་ཡུམ།།
འདྲེས་སྦྱོར་སྦག་གིས་མ་གོས་གནག་སྣུམ་གྱི་སྐྲ་ལོ།།
བཀྲག་མདངས་མཚལ་གྱིས་མ་བྱུག་བྱུར་མདོག་གི་མཁུར་ཚོས།།
འདག་བྱེད་རྫས་ཀྱིས་མ་བཀྲུས་སྨུག་མདོག་གི་ཞལ་རས།།
མ་བཅོས་རང་བྱུང་མཛེས་པ་དྲིན་ཆེན་གྱི་ཡབ་་ཡུམ།།
ལོ་ཟླའི་ཕྲེང་བ་རི་ཀླུང་རྫ་ལུང་ནས་ཟད་ཀྱང་།།
མི་ཚེའི་སྙིང་པོ་ཆུ་དང་འོ་མ་ལ་འདྲེས་ཏེ།།
སྐྱེས་གཟུགས་དབང་བོ་གཞུ་བཞིན་དབང་མེད་དུ་བཀུག་པ།།
རིགས་རྒྱུད་གཙང་མའི་ཕྱི་མོ་དྲིན་ཆེན་གྱི་ཡབ་ཡུམ།།
ནག་ནོག་དྲི་མས་མ་གོས་ཟོལ་མེད་ཀྱི་བསླབ་བྱ།།
གཡོ་སྒྱུའི་དུག་རླངས་མ་འཐུལ་རྣམ་དག་གི་ཀུན་སློང་།།
ཚིག་རྩུབ་ཚེར་མའི་རེག་བྲལ་ཞི་འཇམ་གྱི་བདག་པོ།།
ལྷག་བསམ་རབ་ཏུ་དཀར་བ་དྲིན་ཆེན་གྱི་ཡབ་ཡུམ།།
གསར་ཞེན་ཪྙིང་རྒོལ་ཨ་གསར་གྱི་ལྟ་བ།།
རིང་དུ་དོར་མཁས་འཚོ་བའི་ལོངས་སྤྱོད་ཀྱི་རི་མོ།།
བདེ་སྐྱིད་ལམ་དུ་འགོད་མཁས་ཞི་མཐུན་གྱི་ཨ་ལོང་།།
སྙིང་གི་ཐིག་ལེར་སྦྲེལ་མཁས་དྲིན་ཆེན་གྱི་ཡབ་ཡུམ།།