དྲིན་ཆེན་མ་ལོ།

        2010-12-29

སྦྲ་ནག་རལ་བོར་བསམ་བློ་ཁྱེའུ་བཞིན་འཁུམ་པས།།
མི་ཚེའི་རིན་ཐང་ལྕི་བའི་འདམ་མྱག་གིས་བརྫིས་ཤིང་།།
ལང་ཚོའི་དཔལ་ཡོན་སྦྲ་ནག་གོང་ཁ་ན་ཟད་པའི།།
མ་ལོ་དྲན་པའི་སྐྱོ་གདུང་མིག་ཆུ་རུ་འཁྱིལ་འོང་།།
ལོ་ཟླའི་ཁོར་མོ་ཡུག་གི་དཀའ་སྡུག་གི་འཇིངས་སུ།།
ཡོད་ཚད་ཕངས་མེད་སྦྱིན་པའི་དྲིན་ཆེན་གྱི་མ་ལོའི།།
ཞེན་ཆགས་ལྕི་མོ་བུ་ཡི་རྗེས་ཕྱོགས་ན་ལུས་པས།།
དྲན་གདུང་སྐྱོ་འཕྲིན་མེ་ཏོག་སྨྱུག་རྩེ་རུ་བཞད་སོང་།
།ཁ་ཆར་ཟློས་གར་འཁྲབ་པའི་རྫི་ལུང་གི་འཕྲང་ན།།
དུང་མདོག་སྐྲ་ལོ་བར་མེད་རླུང་ཁ་རུ་བསྐྱོད་ཀྱང་།།
བུ་ངའི་དོན་དུ་རྐང་རྗེས་རྫ་གསེབ་ལ་བཏབས་པའི།།
མ་ལོའི་ཞལ་རས་དྲན་འཛིན་མེ་ལོང་དུ་གསལ་བྱུང་།།
  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་གླུ།
  • ལེ་ཚན་རྗེས་མ།:དྲིན་ཆེན་གྱི་ཡབ་ཡུམ།