གཡང་དཀར་ལུག་ཁྱུའི་འབའ་སྒྲ་རི་ལུང་ཀུན་ཁྱབ་ཅིང་།།
འདོ་རིགས་རྟ་ཕོའི་རྨིག་སྒྲ་རླུང་བུ་དང་བསྡེབས་པ།།
ཐུལ་དཀར་འབྲི་མོའི་འོ་ཞོ་རྒྱ་མཚོ་བཞིན་འཁྱིལ་བའི།།
གནས་ཆེན་ཡུལ་འདིའི་ཁོངས་གཏོགས་འབྲོག་ཐང་དག་དྲན་བྱུང་།།
ཕྲ་ཚོམ་མེ་ཏོག་འདབ་མ་མཁའ་དབྱིངས་སུ་གཏོར་བཞིན།།
ཆལ་ཆིལ་རླབས་སྒྲས་ཡུལ་འདིའི་རི་ལུང་ཀུན་དཀྲོགས་ཤིང་།།
ཉ་ཆུང་གསེར་མིག་འཁྱུག་རྩལ་ངོམས་མེད་དུ་རོལ་སའི།།
དྭངས་ཤིང་གཙང་བའི་བསང་ཆུ་སྔོན་མོ་དེ་དྲན་བྱུང་།།
མཐའ་ཡས་མི་མངོན་ནེའུ་གསིང་མེ་ལོང་གི་གཞི་རུ།།
ཁ་དོག་སྣ་བརྒྱ་བཞད་པའི་མེ་ཏོག་གི་འདབ་མར།།
རྐང་དྲུག་བུང་བ་འཕུར་ལྡིང་གར་རྩེད་ཀྱིས་མྱོས་ཤིང་།།
དཔལ་ཀུན་རྫོགས་པའི་བསང་ཁོག་རྩྭ་ཐང་དེ་དྲན་བྱུང་།།
འོད་མདངས་ལམ་ལམ་འཚེར་བའི་རྒྱ་ཕིབས་ཀྱི་འདབས་སུ།།
སྙན་སྙན་ལྷང་ལྷང་ཆོས་ཀྱི་དབྱངས་རྟ་ལ་འགུག་ཅིང་།།
འགྲོ་བ་རིགས་དྲུག་བསོད་ནམས་ལེགས་ཚོགས་ཀྱིས་ཕྱུག་པའི།།
ཆོས་སྡེ་ཆེན་པོ་བླ་བྲང་དགོན་ཆེན་དེ་དྲན་བྱུང་།མཐོན་པོ་སྤང་རིའི་རྩེ་མོ་སྨུག་ཞགས་ཀྱིས་བཏུམས་ཤིང་།།
ནགས་ཚལ་གཡུ་ལོའི་འདབ་མ་ཚང་ཚིང་དུ་འཁྲིགས་པ།།
ཁུ་བྱུག་སྔོན་མོའི་མགྲིན་གླུ་སང་སང་དུ་གྲགས་པའི།།
གནས་མཆོག་ཁྱད་འཕགས་བླ་བྲང་བཀྲ་ཤིས་འཁྱིལ་དྲན་བྱུང་།།