2015-06-01
མདོ་དབུས་ཁམས་གསུམ་གྱི་རྩོམ་རིག་གི་དེད་དཔོན་སྐོར་ཞིག་གིས་མི་ཉག་རྫོགས་ཆེན་སློབ་གྲྭའི་
སློབ་རའི་ཚགས་པར༼ལམ༽ལ་གནང་བའི་ཤིས་ཚིག
ལམ་གྱི་གཞི་མ་དད་པ་བརྩོན་འགྲུས་ཉིད། །
ལམ་སྟོན་ཟླ་མེད་ཤེས་རབ་སྣང་བར་བརྟེན། །
ལམ་མཆོག་མ་ནོར་སྔོན་ཐོན་ཤེས་རིག་སློབ། །
ལམ་འདི་དུས་རབས་གསར་པའི་འཇུག་ངོགས་ཡིན།།
ར་སེ་དཀོན་མཆོག་རྒྱལ་མཚན་གྱིས་དབུས་ལྷ་ལྡན་ཞིང་ནས་ཕུལ།
ད་ཐེངས་ལམ་ཞེས་པའི་ཚགས་པར་ཞིག་ལག་ཏུ་ཐོན་པས་ང་རང་མི་ལོ་སུམ་བཅུའི་རིང་ལ་ཚགས་པར་གཉེར་མྱོང་པའི་བརྩེ་སེམས་ཀྱིས་ལྷག་ཏུ་དགའ་སྤྲོ་བརྟས། ཚགས་པར་དེའི་ཕྱིའི་འཆར་འགོད་དང་ནང་གི་རྩོམ་ཡིག རྣམ་པ་སྣ་ཚོགས་པའི་འདྲ་པར་དང་རི་མོ་བཅས་ཀྱིས་མིག་གི་དབང་པོ་ཅིག་ཆར་དུ་འཕྲོག་སོང་།
ལམ་ནི་འགྲོ་བ་མིས་གསར་གཏོད་དང་འདུན་པ་དྲག་པོས་བསྐུལ་ནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱ་ཇེ་ཆེ་དང་། ཁོད་ཇེ་བདེ་དུ་བྱུང་བའི་དཀའ་སྡུག་གི་བརྒྱུད་ལམ་དང་རེ་བའི་འབྲས་བུས་དུད་པའི་ལམ་ཞིག་རེད།
མི་ཉག་རྫོགས་ཆེན་སློབ་གྲྭའི་ལམ་བུ་ཡང་རྐང་ལམ་ཕྲ་མོ་ཞིག་དང་འདྲ་བར་ཕུགས་འདུན་གྱིས་ཕྱུག་པའི་མི་རྗེ་ཞིག་གིས་ལྗིད་ཏིག་ཏིག་གི་ཞབས་རྗེས་ཐོག་མར་བཀོད་པ་ནས་རིམ་བཞིན་གོམ་པ་སྤོ་མཁན་ཇེ་མང་དུ་སོང་ནས་ད་ལྟའི་རེ་ལྡན་གྱི་རྐང་ལམ་འདིའི་སྣེ་ཇེ་རིང་དང་གཏིང་ཇེ་ཟབ། རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་གྱུར།
མ་འོངས་པར་རྐང་ལམ་འདིའི་ཐོག་ཏུ་གཞོན་སྐྱེས་ཚོས་སྙིང་སྟོབས་ཀྱི་གོམ་ཁ་བསྒྱུར་ཆོག་ལ་རིག་པའི་རྟ་ཕོའང་རྒྱུག་ཆོག་པའི་ལམ་ཆེན་ཞིག་ཏུ་འགྱུར་ནས་སྣེ་ཇེ་རིང་ནས་ཡང་རིང་དུ་བསྲིངས་པའི་སྨོན་འདུན་དང་བཅས།
དཀོན་མཆོག་རྡོ་རྗེས་གྲོང་ཁྱེར་པདྨ་ཅན་ནས་ཕུལ།
མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེའི་ཐུགས་བསྐྱེད་ལས། །
མི་ཉག་རྫོགས་ཆེན་ཤེས་རིག་སློབ་གླིང་འཁྲུངས། །
རིག་པའི་རྩེད་ར་ལམ་གྱི་ཚགས་པར་དེ། །
མི་ཉམས་ཡུན་གནས་དགེ་མཚན་འབར་གྱུར་ཅིག །
རྟོགས་སད་ལྷ་མོས་རྟེན་འབྲེལ་ལྷ་རེག་གི་ཚུལ་དུ་དབུས་ལྷ་ལྡན་ཞིང་ནས་ཕུལ།
སྙིང་ཉེ་བའི་གྲོགས་པོ་ལྷན་རྒྱས། རྩོམ་རིག་ཅེས་པའི་རྐང་ལམ་དེའི་སྣེ་མོ་སྨུག་སྤྲིན་གྱིས་གཡོགས་པའི་རི་གསུམ་གྱི་རྩེ་ལ་ཟུག་ཡོད། ང་ཚོ་དུས་རབས་འདིའི་ཆེས་མཐའ་མཇུག་གི་གནས་མཇལ་བ་བཞིན། མ་མགལ་སོ་ཡིས་བསྡམས་སྟེ་མདུན་ཕྱོགས་སུ་ཤུགས་ཀྱིས་སྐྱོད་དགོས། དུས་ནམ་ཞིག་ང་ཚོ་རི་གསུམ་གྱི་རྩེ་ལ་སླེབ་པའི་ཚེ་ན། ང་ཚོས་ཉི་འོད་ཀྱི་པང་ནས་དྲི་བསུང་ཕྱོགས་བཅུར་ལྡང་བའི་སྐྱེད་ཚལ་ཆེན་པོ་ཞིག་མཐོང་སྲིད། སྐྱེད་ཚལ་དེ་ནི་ད་གཟོད་ང་ཚོའི་ཁྱིམ་གཞིས་ཡིན། ང་ཚོའི་དག་ཞིང་ཡིན།
༼ལམ༽གྱི་རང་གཏམ།
༼ལམ༽ཞེས་པའི་ཟླ་འཁོར་ཚགས་པར་འདི་ནི་དར་མདོ་གྲོང་ཁྱེར་རིག་སློབ་ཅུས་དང་གོམ་རིམ་མགོ་ཁྲིད་དག་གིས་ཆོག་མཆན་ཐོབ་པ་ལྟར་མི་ཉག་རྫོགས་ཆེན་སློབ་གྲྭས་སྤྱི་ལོ༢༠༡༣ལོའི་སློབ་དུས་གཉིས་པ་ནས་མགོ་བརྩམས་ཏེ་པར་བསྐྲུན་བྱས་པས་ད་ལྟའི་བར་སྤྱིའི་འདོན་ཐེངས་བདུན་བཏོན་ཚར་ཡོད་ཅིང་། པར་ཐེངས་རེར་ལྡེབ་གྲངས་ཆིག་སྟོང་ལྷག་པར་ནས་གཙོ་བོ་རང་སློབ་གྲྭའི་ནང་ཁུལ་དང་མདོ་དབུས་ཁམས་གསུམ་གྱི་འབྲེལ་ཡོད་སློབ་གྲྭ་གང་མང་དུ་རིན་མེད་ངང་གཟིགས་འབུལ་ཞུ་བཞིན་ཡོད། འདི་ལ་ཚད་ལྡན་ཚགས་ཤོག་གཞན་དག་དང་འདྲ་བར་རྩོམ་ཡིག་བརྩམས་ཆོས་དང་པར་སྐྲུན་ཇུས་འགོད་སོགས་ཕྱོགས་གང་ནས་ཀྱང་སྤུས་ཚད་མ་འདང་བའི་ཆ་མང་བོ་ཞིག་གནས་མོད། རྩོམ་གྱི་ཐོན་ཁུངས་གཙོ་བོ་དེ་ངེད་སློབ་གྲྭའི་ཆུང་འབྲིང་སློབ་མའི་ལོ་ངོ་བརྒྱད་དགུ་ཙམ་གྱི་སྦྱངས་འབྲས་རྨང་གཞིའི་སྟེང་སོ་སོའི་བློ་གྲོས་ནུས་རྩལ་ལས་ཐོན་པའི་སྦྱངས་རྩོམ་ཙམ་ཡིན་པས། རང་སྐད་ཀྱི་རྩོམ་འབྲིའི་བྱང་ཚད་ཇེ་མཐོར་གཏོང་ཆེད་གཙོ་བོ་སློབ་རའི་གསར་འགྱུར་དང་སྙན་ངག ལྷུག་རྩོམ། འབོལ་རྩོམ་བཅས་སྣ་འཛོམས་རང་བཞིན་དུ་བསྐྲུན་པ་ཡིན།
འདི་ལ་མཁས་པ་མགུ་བའི་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་དང་ཡིད་འགུག་གི་ཁྱད་ཆོས་གཞན་དྲིང་མི་འཇོག་པའི་ཡོན་ཏན་སོགས་ཅི་ཡང་མེད་མོད། འོན་ཀྱང་རང་རིགས་ཀྱི་མ་འོངས་པའི་བདག་པོ་སྟེ་ལོ་ཆུང་བྱིས་པ་སྐོར་ཞིག་གི་རྩོམ་རིག་བསམ་བློ་དང་། མི་ཚེའི་འདུ་ཤེས། དྲི་མས་མ་གོས་པའི་བྱིས་བློའི་དྭངས་གཙང་གི་དཔྱོད་ཤེས་ལས་རྙེད་པའི་ཟུངས་ཁྲག་གི་སྐད་ཆ་རྣལ་མ་ཞིག་ཏུ་ཅིས་ཀྱང་བརྩིས་ཆོག་པར་སྙམ།
མཆོག་སྤྲུལ་རིན་པོ་ཆེའི་མཆོག་གི་བླ་མེད་ཀྱི་ཐུགས་བསྐྱེད་དང་བཀའ་དྲིན་གྱི་བདག་རྐྱེན་ལ་བརྟེན་ནས། ད་ལྟ་སློབ་གྲྭ་འདིར་སློབ་མ་ཉིས་སྟོང་ལྷག་འདུས་ཡོད་མོད། དེ་དག་ལས་མང་ཆེ་ཤོས་ནི་བོད་སྐད་དག་གཙང་ཞིག་ཀྱང་གོ་བརྡ་མི་འཕྲོད་པའི་རོང་མ་འབྲོག་གི་བོད་ཕྲུག་ཏག་ཏག་ཡིན་ཡང་། བགྲང་བྱ་ལྔ་དྲུག་ཙམ་སོང་བའི་དེ་རིང་རྩོམ་རིག་གི་གར་སྟེགས་སྟེང་ནས་རང་སེམས་ཀྱི་རྟོགས་འགྱུ་སྣ་ཚོགས་གང་འདོད་ལྟར་གླུ་རུ་ལེན་ཐུབ་པ་ནི་ཅི་འདྲའི་ངོ་མཚར་ཞིང་དགའ་འོས་པ་ཞིག་རེད་ཨང་།
སྤྱིར་མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་། ཡུལ་སྲོལ་གོམས་གཤིས་དང་རིག་གནས་སློབ་གསོ་ནི་ནམ་ཡང་ཁ་འབྲལ་ཐབས་མེད་པའི་ཕན་ཚུན་ལྟོས་འབྱུང་གི་གྲུབ་ཆ་གལ་ཆེན་ཞིག་ལགས་ན། དེ་སྲུང་འཛིན་བྱེད་པ་ལ་རྩོམ་རིག་ནི་རྒྱུན་སྐྱོང་ཐུབ་པའི་འཆི་སོས་སྨན་མཆོག་ལྟ་བུ་ཡིན་པས། སློབ་གྲྭ་ཆུང་འབྲིང་ནས་བཟུང་སྟེ་རྩོམ་རིག་ལ་དགའ་བའི་འདུ་ཤེས་གཏིང་ཟབ་ཅིག་དང་རྩོམ་ཡིག་འབྲི་བའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པར་བྱེད་རྒྱུ་དེ་གནད་ཀྱི་དམ་པར་འདུག་པས། ཟླ་འཁོར་ཚགས་པར་འདི་པར་བསྐྲུན་བྱེད་རྒྱུའི་དམིགས་ཡུལ་གཙོ་བོའང་དོན་འདི་ལ་བཅོལ་ཁུལ་བྱས་ཡོད།
ལྷག་པར་དུ་སྲིད་འབྱོར་རིག་གསུམ་སོགས་དབྱར་ཀྱི་མཚོ་མོ་རྒྱས་པ་ལྟར་འགྲན་རྩོད་ཀྱི་རྣམ་པར་གནས་པའི་དུས་རབས་ཉེར་གཅིག་པའི་ནང་ཕྱི་རབས་པ་རྣམས་ཀྱི་མི་གཞིའི་སྤུས་ཚད་དང་ཤེས་ཡོན་སྤུས་ཚད་ལ་རེ་བ་གསར་བ་ཞིག་འཛིན་པ་དང་དུས་མཉམ་དུ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཤེས་ཡོན་དང་བསམ་གཞིག་ནུས་པ་སོགས་ཀྱང་རྣམ་པ་གསར་བ་ཞིག་ཏུ་འཕེལ་རྒྱས་འབྱུང་བར་བྱེད་རྒྱུ་ནི་སློབ་གྲྭ་དག་གིས་རང་ཁག་གཞན་ལ་དཀྲི་ཐབས་མེད་པའི་འོས་འགན་རླབས་ཆེན་ཞིག་ཏུ་བསམས་ནས། བྱེད་ཐབས་སྣ་མང་སྤྱད་དེ་སློབ་ཕྲུག་རེ་རེའི་ལྷན་སྐྱེས་འཇོན་ནུས་དང་དམིགས་འདུན་མངོན་གྱུར་ཡོང་བར་ཆུང་ས་ནས་སྐུལ་འདེད་དང་རོགས་རམ་བྱེད་པར་རྩོམ་འབྲིའི་ཤེས་བྱ་ནི་ཧ་ཅང་གལ་ཆེ་བར་དམིགས་ནས་པར་སྐྲུན་བྱས་པ་ཡིན།
སྤྱིར་རང་རེའི་བོད་མི་རིགས་འདི་ནི་སྔོན་བྱོན་ཆོས་རྒྱལ་ལོ་པཎ་དག་གི་བླ་མེད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལས་དམ་པའི་ལྷ་ཆོས་ཀྱི་རྣམ་ཤེས་སྲོག་དབང་ལ་ཞུགས་པའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཡོངས་སུ་ཕྱུག་པའི་མི་རིགས་ཤིག་སྟེ།སྔོན་གྱི་ཚེ“སྲིན་པོ་གདོང་དམར་བོད“ཅེས་ཐོས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པའི་མིང་ངན་ཞིག་རླུང་ལྟར་ཕྱོགས་མེད་དུ་གྲགས་པའི་ང་ཚོ། ད་ལྟ་ལྷག་བསམ་དཀར་ཞིང་སྙིང་རྗེ་ལྡན་པ། ཟོལ་བཟང་ལ་གཞུང་དྲང་བ། འཆམ་མཐུན་དང་ཞི་བདེ་ལ་ཡི་རངས་པ་ཞེས་གནམ་འོག་གི་རྒྱལ་ཁབ་དང་མི་རིགས་གང་མང་གིས་ཡིད་སྨོན་དང་བསྟོད་བསྔགས་བྱེད་པའི་གཞིར་གྱུར་ཡོད།
འགྲོ་བ་མིའི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་སོགས་ཆ་ཐམས་ཅད་ནས་ཡོངས་སུ་འགྱུར་བཞིན་པའི་དུས་རབས་འདིར། ང་ཚོས་ད་དུང“རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས”ཤིང་།“གསར་བ་ཐམས་ཅད་བདུད་གྱི་འཕྲུལ་དུ་སེམས ”བཞིན་འཕེལ་མེད་སོར་གནས་གྱིས་མགོ་རྨོངས་ཏེ་བསྡད་ནས། ལག་ཤེས་བཟོ་ལས་དང་ཁྲོམ་རའི་དཔལ་འབྱོར་སོགས་མའི་འཚོ་གནས་ལ་ཕན་པའི་གཞུང་ལུགས་གསར་བ་ནང་འདྲེན་དང་། ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་རང་གིས་རྒྱུད་འཛིན་དང་གཞན་ལ་ངོ་སྤྲོད་ཡང་དག་པར་བྱས་ཏེ་རང་རེའི་ཕུན་སུམ་ཚོགས་པའི་རིག་གནས་ངོ་མཚར་ཞིང་རིན་ཐང་ལྡན་པ་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་ཐུབ་པ་ཞིག་ཤིན་ཏུ་དོ་གལ་ཆེ་བར་འདོད། དེ་བས་རྩོམ་ཡིག་ནི་རྩོམ་ཡིག་ཙམ་གྱི་ཆེད་དུ་འབྲི་བ་ལས་བརྒལ་ཏེ། སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ཐུན་མོང་དང་ཐུན་མིན་གྱི་བརྩམས་ཆོས་ཁྱད་པར་དུ་འཕགས་པ་འདི་དག་བརྗོད་བྱའི་སྲོག་ཏུ་འཇུག་རྒྱུ་ནི་དཀའ་བའི་གནད་དུ་ཆེ་ཨང་།
དེ་ལྟར་རང་རིགས་ཀྱི་འབྱུང་འགྱུར་ལ་དབང་བའི་བོད་ཕྲུག་འདི་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་རྙེད་པའི་རྩོམ་ཐུང་འདི་དག་ལ་བསམ་བློ་དང་རྩོམ་ཉམས་སོགས་ཚིག་དོན་ཕྱོགས་ཡོངས་ནས་ཞན་པར་འདུག་མོད། མ་འོངས་བའི་རུ་དཔུང་ཞིག་འདི་ལྟར་རྩོམ་རིག་གི་ཞིང་སར་འཚར་ལོངས་བྱུང་བ་དེ་ངེས་པར་དོན་བཟང་ཞིག་དང་། ན་མཉམ་བྱིས་པ་གཞན་དག་ལ་ལྟ་ཀློག་གི་རེ་འདོད་སྐོང་བའི་ཆ་རྐྱེན་དུ་དམིགས་ཏེ་ཚིག་དོན་གྱི་ཆ་ལ་བཅོས་བསྒྱུར་ཆེན་པོ་མ་བྱས་པར་རང་སོར་བཞག་ཡོད།
ང་ཚོའི་རྩོམ་སྒྲིག་ཚན་ཆུང་འདི་ནི་དགེ་རྒན་དང་སློབ་མའི་ཚོ་ཆུང་གཉིས་ཀྱིས་གྲུབ་པས། ལས་ཀ་དང་སློབ་སྦྱོང་གི་བྲེལ་བ་ཧ་ཅང་ཆེ་བའི་ཁར་རྩོམ་སྒྲིག་གི་ཉམས་མྱོང་སོགས་ཅི་ཡང་མེད་པར་བརྟེན། སྐྱོན་དང་ནོར་འཁྲུལ་གྱི་ཆ་གང་མང་ཞིག་ཐོན་ཡོང་གི་འདུག་མོད། རྗེས་སོར་ཐབས་བརྒྱ་ཇུས་སྟོང་གིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ་པའི་ཕྱོགས་ལ་རང་ནུས་ཡོད་དགུ་རྩལ་དུ་སྤྲུགས་ནས་འདོན་རྒྱུ་ཡིན་པས། ཁྱེད་ཀློག་མཁན་རྣམས་ཀྱིས་རྩོམ་ཡིག་དང་རི་མོ་སོགས་བརྩམས་ཆོས་གང་མང་གི་བདག་རྐྱེན་བཀའ་དྲིན་མི་ཆུང་བ་ཞུ་རྒྱུ་བཅས་དགོངས་འཆར་ལྷུག་བསྩོལ་གནང་རོགས་ཞུ་ཞུ།
རྩོམ་སྒྲིག་ཚན་ཆུང་གི་གཏམ།
དུས་ཀྱི་རྦ་རླབས་དྲག་ཏུ་འཁྲུགས་པའི་ཁུགས་སོ་ནས། སྙིང་སྟོབས་དང་སྤོབས་པས་བརྟས་པའི་མི་བུ་ཁྱུ་ཞིག་གིས་བག་ལ་ཞ་བའི་རིག་པ་ལ་འདྲོགས་སློང་གི་ངར་ཤུགས་བསྩལ་ཏེ། ཀུན་རྟོག་འགྱུ་བག་རྒོད་པའི་ཐོལ་གླུ་སྨྱུ་གུའི་སྦུབས་སུ་དྲངས་ཤིང་། ཁྲ་ཁྲ་སིལ་སིལ་གྱི་བསམ་བློ་ལ་སྙན་ངག་གི་གཤོག་པ་བཙུགས་ནས། སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ལ་བྱ་མ་རྟའི་ཟོལ་གྱིས་བཏང་བ་ནི་བརྡ་འཕྲིན་དུས་རབས་ཀྱི་གཞོན་སྐྱེས་ཚོའི་ཕྲག་ལ་བབས་པའི་གཟུར་མེད་ཀྱི་འགན་འཁྲི་ཞིག་ཏུ་ངེས་ཤེས་ཟབ་མོ་འདྲོངས་ཡོད། དེའི་ཕྱིར་ངེད༼ལམ༽རྩོམ་སྒྲིག་ཚན་ཆུང་གིས་ཆེད་དུ་སློབ་གྲོགས་ཚོར་དམིགས་ནས་ཟླ་འཁོར་ཚགས་པར་འདི་འགྲེམ་སྤེལ་བགྱིས། ཐོག་མར་ལམ་འདི་ནས་ཆས་དུས། ངེད་ཅག་ལ་སེམས་བསྐྱེད་རྣལ་མ་ཞིག་གིས་ངར་ཤུགས་བསྟབས་ཡོད་དེ། རུས་ཟད་རྐང་ལ་ཐུག་པའི་སྐད་ཡིག་ལ་བྱ་ར་དང་མེལ་ཚེ་བྱེད་ཆེད་དུ། སློབ་གྲོགས་གང་མང་ཞིག་གིས་རྟོག་འགྱུའི་ཚོར་བ་རྣོན་པོ་ལ་བསམ་གཞིག་གི་ངར་ཁ་བླུད་ནས་ཀློག་པ་པོ་དག་གི་སྤྱན་སྔར་འབུལ་མུས་སུ་མཆིས།
སྤྱི་ཚོགས་དང་འཚོ་བ་ནི་ཁ་ཕྱོགས་མེད་པའི་ཡིད་ཀྱི་རླབས་རྒྱུནཞིག་ཡིན་ན། རྩོམ་རིག་ནི་དེ་ལས་རྙེད་ཅིང་སྣང་བརྙན་གསོན་པོ་ཞིག་གིས་བཞེངས་བསྐྲུན་བྱས་པའི་སྙིང་ལ་འཐིམས་པའི་ཆུ་ཐིགས་ཀྱི་ཟེགས་མ་གཅིག་པུ་དེ་ཡིན། རྩོམ་རིག་ཡོད་པས། མུན་པ་རབ་རིབ་ཀྱི་ཁེར་རྐྱང་གི་འཚོ་བ་ལ་སྙན་ཞིང་འཇེབས་པའི་འཇམ་སྙན་རོལ་དབྱངས་ཤིག་ཅི་དགར་དཀྲོལ་ཆོག་པས། བདག་རྫ་སྟེང་འདི་ནས་སླར་ཡང་ནམ་འཕང་གཅོད་འདོད་ཀྱི་གསོས་སྨན་ཡོངས་སུ་སྦྲུམ་དུ་བཅུག་པས། རྩོམ་རིག་གིས་ང་ཚོའི་འཚོ་བ་ལ་ལྷ་ཡུལ་གྱི་མཛེས་སྡུག་བསྐྲུན་ཡོད། ང་ཚོའི་རུས་རྐང་ལ་མི་ཡུལ་གྱི་བག་ཆགས་བརྐོས་ཡོད།
སློབ་མ་ནི་དགའ་ཞེན་དང་ལངས་ཕྱོགས་དུ་མ་རུམ་པའི་མི་བུ་མཚར་འདོད་ཅན་རེ་ཡིན་པས། ང་ཚོ་རང་ཉིད་ལ་དབང་བའི་དགའ་ཕྱོགས་ཀྱང་སྣ་ཚོགས་ཤིག་ཡོད་ལ། མ་གཞི་འདི་ལྟ་བུའི་སྣང་ཚུལ་གྱིས་ཁོ་ཚོའི་ཡོན་ཚད་མཚོན་གྱིན་ཡོད་པ་མ་ཡིན་ནམ། དགའ་ཕྱོགས་དེ་ནི་སྣ་འཛོམས་རང་བཞིན་གྱི་སྐྱེད་ཚལ་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། སྐྱེད་ཚལ་དེ་ནི་ཟླ་འཁོར་ཚགས་པར་གྱི་གྲུ་ཟུར་རེ་རེ་ན་ངང་གིས་བཞད་ཅིང་ལྷོད་ཀྱིས་གྲོལ་མུས་སུ་མཆིས་པས། ཟླ་འཁོར་ཚགས་པར་ནི་ང་ཚོའི་གྲེ་འགྱུར་གྱི་དབྱངས་རྟ་དང་། ང་ཚོའི་གོམ་འགྲོས་ཀྱི་སྐྱོར་རོགས་ཡིན། ང་ཚོས་འདི་ལ་བརྟེན་ནས་ཤེས་རིག་གི་ས་བོན་གདབ་ཆོག་ལ། སྦྲང་ཆར་གྱི་དངོས་གྲུབ་ལ་རེ་ཆོག ཏག་ཏག་འདི་ལྟ་བུའི་སྒུལ་ཤུགས་དེ་ཁྱོད་ཀྱིས་དེ་རིང་ལ་ཆ་བཞག་ནས་སང་ཉིན་ལ་རེ་ལྟོས་བྱེད་པར་སྨོན།
༼ ལམ༽རྩོམ་སྒྲིག་ཚན་ཆུང་གིས།
རྩོམ་གསར། 10