ལ་རྒྱ་མེད་པའི་རྟ་ཕོ་དང་། ཨ་ཁུ་ཁྱི་སྐྱག

༼ མི་ཉག་རྫོགས་ཆེན་སློབ་གྲྭ ༽ ཚེ་རིང་དཔལ་འབྱོར།        2015-06-01

  ཨ་ཁུ་ཁྱི་སྐྱག་ནི་གཡང་ར་སྡེ་བའི་ནང་ནས་གདོང་དམར་ལ་གླེན་ཚུགས་ལྡན་པའི་མི་དགོད་བྲོ་བ་ཞིག་ཡིན།
     ནམ་རྒྱུན་སློག་པ་སྐྱ་བོ་ཞིག་གྱོན་པར་དགའ་ཞིང་རྐང་སྣམ་སྣུམ་ཤིག་ཤིག་དེ་གྱོན་པར་དེ་བས་ཀྱང་དགའ་བའི་སྤྱིར་བཏང་གི་མི་ཞིག་ཡིན།
        ཁོ་ཚང་གི་ཁྱིམ་ཚང་ཧ་ཅང་དབུལ་ཞིང་སྒོ་ཕྱུགས་ཡོད་ཚད་ནི་རྟ་ཕོ་དཀར་པོ་ལྷ་འདྲ་བ་དེ་དང་།   མཛོ་མོ་ནག་པོ་འདྲེ་འདྲ་བ་དེ་གཉིས་ལས་མེད་ནང་།  ཨ་ཁུ་ཁྱི་སྐྱག་གི་སེམས་ཁོང་ནི་ཧ་ཅང་ཕྱུག
ཨ་ཁུ་ཁྱི་སྐྱག་ནི་ནམ་ཡང་རྟ་ལ་དགའ་ཞིང་ཁོ་ཚང་གི་རྟ་ཕོ་དཀར་པོ་ལ་དེ་བས་ཀྱང་དགའ་སྡེ་མི་ཀུན་གྱིས་རྟ་དགའ། ཁྱི་སྐྱག་ཞེས་འབོད་ལ། ཁོའི་སེམས་སུ་ནམ་ཡང་གཟི་བརྗིད་ཅིག་གིས་ཁེངས་འདུག་མོད། འོན་ཀྱང་སྡེ་མི་ལ་ལས་བཤད་པ་ལྟར་ན་ཨ་ཁུ་ཁྱི་སྐྱག་ཚང་གི་རྟ་ཕོ་དེ་ནི་ལ་རྒྱ་མེད་པའི་རྟ་ཞིག་ཡིན་ཟེར། ཡང་མི་ལ་ལས་བཤད་པ་ལྟར་ན་ཡབ་མེས་ཀྱི་ལོ་རྒྱུས་དང་ལྡན་པའི་རྟ་ཞིག་ཡིན་ཟེར།  མི་སུམ་ཅུར་བསམ་པ་སུམ་ཅུ་ཞེས་པའི་དཔེ་ལྟར་མི་རྣམས་ལ་བཤད་ཚུལ་མི་འདྲ་བ་གང་མང་ཞིག་འདུག་མོད། ཨ་ཁུ་ཁྱི་སྐྱག་གིས་ནམ་ཡང་རང་གི་རྟ་ཕོ་དཀར་པོ་ནི་མེས་པོའི་ལྷ་ཡུལ་ནས་གདན་དྲངས་བའི་ལྷ་རྟ་ཞིག་གི་རྒྱུད་ཡིན་ཟེར་ཀྱིན་ཡོད།
       གཡང་ར་སྡེ་བའི་མི་རྣམས་ཀྱིས་སེམས་ལ་དོགས་པ་ཟ་བཞིན་ཡོད།  ཇག་ལུང་སྡེ་བ་ནི་རྟ་མང་བའི་སྡེ་བ་ཞིག་ཡིན་ཞིང་།  ལོ་རེར་གཡང་ར་སྡེ་བ་དང་ཇག་ལུང་སྡེ་བ་གཉིས་རྟ་རྒྱུག་འགྲན་སྡུར་ཆེན་པོ་ཞིག་སྤེལ་བའི་ལུགས་སྲོལ་ཡོད་རུང་། ལོ་འདི་དག་ལ་བསྟུད་མར་ཇག་ལུང་སྡེ་བས་ཨང་དང་པོ་བླངས་བས། ཐེངས་འདིར་ཡང་རྒྱལ་ཁ་ལེན་པའི་གདེང་ཚོད་ཅི་ལ་མེད།
        དེ་རིང་ཡང་ལབ་གླེང་ལ་དགའ་བའི་ཨ་ཁུ་འགའ་ཞིག་སྐོར་ལམ་དུ་ཡོད་པ་ལ་བལྟས་ན་ཨ་ཁུ་ཁྱི་སྐྱག་ཡང་ཐོན་ཡོད་པ་འདྲ།   ཡ་ཨ་རོགས་ཚོ།     ད་ལོར་ང་ཚོའི་སྡེ་བའི་རྟ་རྒྱུག་འགྲན་སྡུར་ལ་ཞུགས་ཐུབ་མཁན་ཡོད་རྒྱུ་ཨེ་རེད།  གོ་ཐོས་ལྟར་ན།    ཇག་ལུང་སྡེ་བའི་རྟ་དག་ནི་ལྷ་རྟ་རྐྱང་ལིའི་ཡན་ཏག་ཏག་རེད་ཟེར་བཞིན་འདུག་གོ་ཞེས་ཨ་ཁུ་དཔའ་ལོས་ཕྲེང་རྡོག་བགྲང་བཞིན་འདི་ལྟར་བཤད་པ་ན།   ཨ་ཁུ་ཁྱི་སྐྱག་གིས།   ཨུམ་་་་་་་་ཨུམ་་་་་་་་་ཞེས་སྒྲ་ཅུང་ཙམ་འབྱིན་རྗེས།  ཡ།  ང་ཨ་ཁུ་ཁྱི་སྐྱག་རྟ་དགའ་ཁྱི་སྐྱག་ཡིན།   ང་རྟ་མེད་ན་རྟ་དགའ་ཇི་ལྟར་ཐོགས།   ང་རྟ་ཡོད་ནི་དབྱར་གྱི་འབྲུག་གི་སྒྲ།  དུས་ད་ལོ་ཨ་ཁུས་འགྲན་སྡུར་རྩོད་ཅེས་མགོ་བོ་དགྱེ་དགྱེའི་ངང་ནས་བཤད་པ་ན།    ཚང་མས་མགོ་བོ་ལྡེམ་ལྡེམ་བྱེད་བཞིན་ཨ་ཁུ་ཁྱི་སྐྱག་གི་གདོང་ལ་ཅེར་ནས་འདུག  ཨ་ཁུ་ཁྱི་སྐྱག་ནི་ལོ་ན་རྒས་པའི་མི་ཞིག་ཡིན་པས་ཁོའི་རེ་བ་ཟབ་མོ་རང་གི་བུ་སྟག་ལོ་ལ་བཅོལ་བ་ནི་གདོན་མི་ཟ་མོད།  འོན་ཀྱང་སྟག་ལོ་ནི་མྱི་གོ་མི་ཆོད་པའི་གྲོང་ཁྱེར་གྱི་སློབ་མ་ཞིག་ཡིན་པས་ཨ་ཁུ་ཁྱི་སྐྱག་གི་སེམས་ལ་ཅི་ལྟར་དྲན་བཞིན་པ་ང་ཚོས་ཀྱང་མི་ཤེས། 
དེ་ལྟར་ཉིན་མཚན་གྱི་སྡོང་ལོ་སྔོན་པོ་རིམ་གྱིས་སེར་པོར་གྱུར་རྗེས།   མ་རུང་ཁ་བ་སྟུག་པོ་ཞིག་གིས་ཨ་ཁུ་ཁྱི་སྐྱག་གི་རེ་སྒུག་དྲོན་པོ་དེ་དངོས་སུ་མངོན་འགྱུར་བྱེད་ཐུབ་སོང་།            དགུན་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་རྟ་རྒྱུགས་འགྲན་སྡུར་སྤེལ་བའི་ཉིན་མོར་གཏན་ཁེལ་བྱས་ཟིན་པས།  ཨ་ཁུ་ཁྱི་སྐྱག་ལ་མཚོན་ན་ཉིན་ལྔ་ཡི་དུས་ཚོད་མ་གཏོགས་མེད་པས་རང་གི་རྟ་ཕོ་མདངས་ལྡན་དེ་ཡང་རྒྱན་ཅི་འཛོམས་དང་ཆས་གང་བཟང་བྱིན་ནས་པུར་གྱིས་བྲིས་པ་ལྟ་བུ་ཞིག་ཏུ་བསྒྱུར་འདུག  
དེ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་གྱི་ཉིན་མོ་དངོས་སུ་སླེབ་བྱུང་ལ།  ཨ་ཁུ་ཁྱི་སྐྱག་གི་ཆུང་མས་འོ་ཇ་མངར་མོ་ཞིག་སྐོལ་རྗེས་ཁོ་ཚང་གི་རྟ་ཕོ་དཀར་པོའི་ལུས་སུ་འོ་ཇ་མཆོད་ཅིང་མར་གྱིས་རྒྱན་པ་བྱས་ནས་ཡུལ་ལྷ་ཀླུ་གཞི་བདག་ལ་གསོལ་བ་འདེབས་ཀྱིན་འདུག    དེ་ལྟར་ཡུལ་སོ་སོའི་རྟ་དང་ཁྱིམ་མི་རྣམས་རྟ་རྒྱུག་ཐང་ཆེན་དུ་འཛོམས་ཤིང་ཚང་མས་རྟ་རྒྱུག་འགྲན་སྡུར་ལ་སྟ་གོན་བྱེད་ཀྱིན་འདུག་ལ། གཡང་ར་སྡེ་བའི་མི་ཀུན་གྱིས་གླེང་བཞིན་པ་ནི་ཨ་ཁུ་ཁྱི་སྐྱག་རེད།
ཡ་་་་་་་་་མགྱོགས་པའི་བང་ཁ་ད་རྒྱུགས་ཤིག་ཅེས་བཤད་མ་ཐག་དཔའ་རྟགས་མངོན་པའི་སྟག་ཤར་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱུག་བྱུང་མོད། ཨ་ཁུ་ཁྱི་སྐྱག་གི་རྟ་ཕོ་དཀར་པོ་ལ་སྡུར་ཐབས་གཏན་ནས་མི་འདུག་གོ །     ཡིན་ནའང་རྟ་མཆོག་དཀར་པོ་ལབ་ཙེ་སྒང་དུ་ཐོན་དུས་སྡེ་མི་ཀུན་གྱི་མིག་ལམ་དུ་རྟ་ཕོ་དཀར་པོ་ལས་ཅི་ཡང་མི་མཐོང་བས། ཚང་མ་ཡ་མཚན་པའི་ངང་ནས་ཕན་ཚུན་ཁ་བརྡ་བྱེད་བཞིན་ཡོད་པ་དང་། གཡང་ར་སྡེ་བའི་སྡེ་མི་རྣམས་ཀྱིས་ད་ཐེངས་ཡང་ཕམ་སོང་ཞེས་བཤད་བཞིན་ཡོད་ལ།  དོན་དག་ཅི་ཞིག་བྱུང་བ་སུས་ཀྱང་བཤད་དཀའ།  ཡིན་ནའང་ཨ་ཁུ་ཁྱི་སྐྱག་རྒྱལ་སོང་ཞེས་བཟང་བསྟོད་བྱེད་མཁན་གྱི་མི་ཞིག་ཕར་ཞོག   ཐམས་ཅད་འཇམ་ཅག་གེར་འདུག་ཅིང་ཨ་ཁུ་ཁྱི་སྐྱག་ཕལ་ཆེར་མཐོང་རྒྱུ་མེད་པ་འདྲ།
     དེ་ལྟར་ཉིན་གཅིག་འགོར་བ་ན་ཨ་ཁུ་ཁྱི་སྐྱག་ནི་རྣམ་དག་རྟ་ཕོ་དཀར་པོའི་ཡང་སྟེང་ནས་བསོད་ནམས་དང་ལས་དབང་ཞིག་གིས་འཇིག་རྟེན་ཕྱི་མའི་ཡུལ་ལ་ལྟ་སྐོར་དུ་ཆས་སོང་ཟེར།   དེ་དུས་རྟ་ཕོ་དཀར་པོའི་འཚེར་སྐད་ཅིག་གང་སར་གྲག་མོད།  འོན་ཀྱང་ཡུལ་གྲུ་འདི་ལ་གྲག་འགུལ་ཅི་ཡང་མ་བྱུང་།  ཁོའི་བེམ་གཟུགས་དམར་པོ་རྟ་ཕོ་དཀར་བོར་བསྐྱོན་ནས་དུར་ཁྲོད་དུ་ཁྱེར་སོང་ལ།  ཁོའི་ཤ་རུས་ལས་མཆེད་པའི་བུ་སྟག་ལོས་ད་ལྟ་སློབ་གྲྭའི་གྲུ་ཟུར་གང་རུང་ན༼ཨ་ཕ་ཁྱི་སྐྱག༽ཅེས་རྩོམ་འབྲི་བཞིན་ཡོད་ནའང་ཐང་།འོན་ཀྱང་སྡེ་བའི་ནང་དུ་ད་དུང་ལ་རྒྱ་མེད་པའི་རྟ་ཕོ་ཡིས་ཨ་ཁུ་ཁྱི་སྐྱག་ཅེས་སྐད་ཆ་གསར་བ་ཞིག་གང་སར་ཁྱབ་འདུག་གོ །
  • ལེ་ཚན་སྔོན་མ།:མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་རའི་ཚགས་པར༼ལམ༽།
  • ལེ་ཚན་རྗེས་མ།:ང་ནི་སྐར་ཕྲན་ཞིག་ཡིན།