ཁྱེད་རང་གླེང་བ།

        2018-04-17

ས་རྡུལ་གྱིས་འཚུབས་པའི་གཅོང་རོང་གི་གཡང་གཟར་ན།

བཀྲེས་ལྟོགས་ཀྱིས་གདུང་བའི་མྱ་ངན་གྱི་གྲོང་དུ།

ཙག་རླུང་གི་བཙན་ཤུགས་རྣོན་པོའི་གསེབ་ན།

སྐྲ་ལོ་ནག་པོ།

མིང་བྱང་ནག་པོ་ཁུར་བའི་དྲན་གླེང་གི་ཞང་པོ།

ཁེར་འདུག་གི་འཚོ་བ་སྐྱ་བོ།

རྩམ་སྐྱ་ཆུ་ལ་བཏབ་པའི་སྐྱིད་སྡུག་གི་འདམ་བུ་ན།

ཁྱེད་རང་ཁོ་ན།

མེ་ཏོག་པདྨ་བཞིན་སླར་སོས་པའི་རེ་བ་ཡང་ཡང་

དུ་སྨོན་ལམ་བརྒྱབ།

 

རྩིས་མེད་དུ་ཡལ་བའི་མི་ལོ་སུམ་ཅུ།

དཀའ་སྡུག་གི་ཏིལ་མར་ར་བ་ནས་འཁྱོར།

ལྗང་ཏིག་ཏིག

སྔོ་ཐིང་ངེར་གྱི་དབྱར་གཞུང་དྲོན་མོ།

ཐུག་འདོད་སེམས་ཀྱི་སྡུག་སྲན་དུ་བསྒོམ།

འོན་ཀྱང་།

སྒོ་མོ་དེ་དམ་དྲགས། དམ་དྲགས་པས།

ངའི་སེམས་ཡང་མནར་གཅོད་ཀྱི་ཀློང་དུ་འཁྱམས།

གྱེས་བྲལ་གྱི་ན་ཟུག་སྙིང་ཁར་ལྕི་ཡང་།

སེམས་ངལ་མིག་ཆུས་ཁོག་པ་བརླན་རུང་།

ངས་ཁྱེད་རང་དྲན་པ་ཁོ་ནས།

ནུས་ཤུགས་ཀྱི་ལག་ལེན་ནི།

དཀོན་མཆོག་ཡི་དམ་ལ་གསོལ་བ་འདེབས་པ་དེ་ཁོ་ནའོ།།

   ལི་ཁོག་ཤེས་རབ་བྱམས་བརྩེ་སློབ་གྲྭའི་བརྒྱད་ལྔ་འཛིན་གྲྭའི ༼  ཡོན་ཏན་རྒྱ་མཚོ། ༽


  • ལེ་ཚན་སྔོན་མ།:ཆར་རྗེས།
  • ལེ་ཚན་རྗེས་མ།:ཕ་མའི་བརྩེ་སེམས།