རང་གི་ཉེས་ཚོགས་ལག་པས་འགེབ་བྱེད་ཅིང་།།
གཞན་གྱི་སྐྱོན་ཆ་ཁབ་ཀྱིས་འཚོལ་བ་ཡི།།
བདག་དང་བདག་འདྲའི་སྙིང་མེད་སེམས་ཅན་ཚོར།།
བླང་དོར་བློ་མིག་གསལ་བར་བྱིན་གྱིས་རློབས།།
འདི་ན་རང་གི་སྐད་གདངས་མི་ཤེས་པའི།།
མདོ་མེད་ཁྱི་ནག་ཚོགས་ཀྱི་འཚིང་ཁ་ལས།།
རང་སྐད་གསོང་པོར་བརྗོད་པའི་མི་བུ་ལ།།
ནམ་ཡང་གཙེས་པས་གཏམ་བརྗོད་འདི་ནས་གླེང་།།
ཡུལ་དང་དུས་ཀྱི་ཁྱད་པར་ཡིན་ནམ་ཅི།།
མི་ཆོས་རྩ་བ་གཏན་དུ་བྲལ་ལམ་ཅི།།
མི་ཡིས་ཁྱི་སྐད་སྒྲོག་པའི་ཅོལ་ཆུང་འགའ།།
ཁྱི་རྐུན་འོ་ཟངས་ཁ་ན་མཐུན་ནས་འདུག།
རྣམ་ཀུན་བཟའ་བཏུང་རྩེད་འཇོ་ཁོ་ནར་རོལ།།
དོན་མེད་ཅ་ཅོའི་ཉོག་གཏམ་ཅི་ཡང་འབྱིན།།
བག་མེད་འཚོ་བའི་ཁུག་ནས་ཁ་མཐུན་ཚེ།།
རང་གི་རིགས་ལ་ལྷག་པར་གནོད་དོན་ཅི།།
ལེགས་ཉེས་བླང་དོར་ཅི་ཡང་མི་ཤེས་པའི།།
ཁྲོམ་ཚོགས་དབུས་ན་བྱང་སེམས་ང་ཡིན་ཞེས།།
གཞན་ལ་སེམས་པར་རྫི་བའི་མིག་ཆུ་ཡང་།།
མགོ་སྒོག་སྐམ་པོའི་ནང་ནས་འབྱིན་དོན་ཅི།།
གཞན་ཕན་ལྷག་བསམ་བཟང་པོའི་རྩིས་ཟིན་ན།།
ཕན་པའི་བྱ་བ་སྣ་གཅིག་མི་སྒྲུབ་པར།།
མིག་ཆུ་ཁོ་ནས་གཞན་དོན་བྱེད་ནུས་པ།།
སྔར་མ་བྱོན་པའི་སངས་རྒྱས་ཡིན་ནམ་ཅི།།
གཉིད་དང་བཟི་ཡིས་ཁྱེར་བའི་གནས་སྐབས་ན།།
རང་གི་རིགས་ལ་དུང་བའི་ལ་རྒྱ་ཞེས།།
ཁུ་ཚུར་མཐོ་སར་བཏེགས་པའི་ལབ་རྡོལ་རྣམས།།
གཉིད་ལ་བསྐུར་རམ་ཆང་གིས་སྤོད་དེ་ཟོས།།
ཧ་ཅང་སྐྱིད་པའི་དུས་དང་སྡུག་པའི་དུས།།
འགྱུར་ལྡོག་གནམ་ས་གཡོ་བའི་ལས་བྱེད་ཀྱང་།།
དོན་ཆེན་རི་བོ་སྤོར་བའི་འདུན་ས་ནས།།
ཁྱི་ནག་ལབ་རྐྱལ་ཁྱོད་ཚོ་གང་དུ་སོང་།།
ས་ཆེན་གོམ་པས་གཞལ་བའི་སྙིང་སྟོབས་དང་།།
དོན་ཆེན་ཁུར་དུ་ལེན་པའི་སྤོབས་པ་སོགས།།
གང་ལའང་མེད་པའི་ཁ་ཕོ་སྟོང་བ་ཡིས།།
གཞན་ལ་རྒོལ་བའི་ནུས་པ་སྤུ་ཙམ་མེད།།
ལྷག་བསམ་དཀར་པོས་གཞན་དང་གཞན་དག་ལ།།
ཕན་པར་འདོད་པའི་བློ་དང་ལྡན་པ་ན།།
ཕྲ་ཞིང་ཕྲ་བའི་ལས་ཀྱིས་མགོ་བརྩམས་ཏེ།།
ཚུལ་ལྡན་ལས་སུ་ཞུགས་ན་མི་ཆོག་གམ།།
དྲང་བདེན་གནས་ལུགས་སྐྱོང་བའི་མཐུ་མེད་ཀྱང་།།
གཡོ་སྒྱུའི་དྲན་འཕྲུལ་ཀུན་ལ་མ་ལོབས་ནའང་།།
ཡང་དག་དུས་རབས་ཤིག་གི་རུ་དཔུང་དུ།།
ཞུགས་པའི་གོ་སྐབས་ནམ་ཡང་མེད་དམ་ཅི།།
རིགས་ལ་མི་ཞེན་དྲང་པོའི་ལམ་མི་འཚོལ།།
གནས་ལུགས་མི་བརྩི་ཁྱི་ཚོགས་ནང་དམུར་བྱེད།།
ངག་ནས་བདེན་བདེན་འདྲ་བ་མང་པོ་ལབ།།
འདི་དག་དོན་ལ་སྐྱག་རྫུན་མིན་ནམ་ཅི།།
གཅིག་གིས་བཟང་པོའི་ལག་པས་འཐེན་པ་ན།།
ཁ་ཅིག་ངན་པའི་རྐང་ནས་འདྲུད་པར་བྱེད།།
དེ་འདྲ་དེ་ལས་འབྲས་བུ་མི་རྙེད་པས།།
དོན་དམ་རང་ངོ་ཤེས་ན་མི་ལེགས་སམ།།
རང་ལ་བརྩེ་ཞིང་རིགས་ལ་དུང་བ་ཡི།།
སེམས་ཀྱི་འདུན་པས་གཞན་ལའང་མཉམ་པ་ན།།
ད་གཟོད་གནས་ལུགས་དོན་གྱི་སྙིང་པོ་ཉིད།།
ལོང་བས་རྙེད་པའི་རིན་ཆེན་མ་ཡིན་ནམ།།
དོན་ལ་མི་དཔྱོད་རྩེད་མཚར་ཁོ་ནར་འབད།།
གནད་ལ་མི་དམིགས་བཟའ་བཏུང་འབའ་ཞིག་གླེང་།།
སྙིང་པོ་མེད་པའི་ཉི་མ་སྟོང་ཟད་ན།།
མི་བུ་ཟེར་ཡང་དོན་གྱིས་སྙིང་པོ་ཅི།།
འདི་ལྟར་བྲིས་པའི་ཚིག་གི་ཕྲེང་བ་ཡང་།།
ང་ལ་མི་ཕན་ཁྱོད་ལ་བྲིས་པ་ཡིན།།
དོན་གྱི་གནད་ལ་དཔྱོད་པའི་སེམས་ཡོད་ན།།
གུས་པས་ལེན་པར་རིགས་སོ་ཁྱི་སྤྱང་ཚོགས།།