མི་རབས་གསར་བ།

གཅན་ཚང་རིན་ཆེན་རྒྱལ།        2014-04-29

ལྕགས་ཀྱི་རུས་རྐང་མཁྲེགས་པའི་རྟུལ་ཕོད་ཀྱི་མི་དཔུང་ཁག
ན་ཟུག་ཅིག་ཡར་བཀྱགས་པའི་བླ་སྲོག་གི་ང་རོས
མི་རྒོད་ཚོགས་ལྷན་དུ་བསྒྲིགས་པའི་སྟར་ཕྲེང་རེ་རེའི
སྟོབས་ཀྱིས་ཤེད་དང་དཔའ་ཡི་གཡུལ་སྣ་དྲངས་པས
བཙན་གནོན་གྱི་ངོ་རས་འཚོ་བའི་རས་པ་ཚོ
ངལ་ཁྲག་དམར་ཆིལ་ཆིལ་འཛགས་ཀྱིན
ཆོད་ཚད་ཅིག་ལ      
རྒྱལ་ཁ་ཡི་གཡུལ་འཐབ་མཐའ་ཡས་པ་དེ་སློང་བར་རྔམ་པས་བརྒྱུགས
 
ཁྲག་དང་རྐང་གིས་བྲིས་པའི་དཔའ་བོའི་རྡོ་རིང་མཐོན་པོ་དག་མཐོང་ཐེངས་རེར
ཁོ་བོ་ཚོ            མདུང་རིང་གི་ཡུ་བ་ལྷག་པར་བསྡམས་ནས
གདོང་གི་རྔུལ་ཆུ་དང་ཁེར་རྐྱང་ཙམ་ལ་སྐྲག་མི་དགོས
མི་རབས་ལྷན་འཛོམ་གྱི་ཉིན་མོ་ཞིག་ལ           ཁྱོད་ཚོར 
མི་ཤི་རྟ་འགྱེད་ཀྱི་གསོལ་སྟོན་གཟབ་རྒྱས་པ་ཞིག
ལྷོད་ཀྱིས་བཤམས་ཆོག་གསུངས
 
ང་ཚོ་ནམ་ཡང་ཁོག་སྟོང་བ་ཡིན་ཡང
མི་རེ་རེའི་བྲང་གི་ཁོག་མ་ན
སྨྲེ་གདུང་གིས་བཞག་པའི་དཔའ་རྒོད་ཚོའི་ཁ་ཆེམས་ཤར་མར་ཡོད་ན
གྲི་དངོ་རྩུབ་ཐེངས་གི་ཁྲོ་སྒྲ་བར་ནས
བླ་འཁྱམས་དགོས་དོན་གཏན་ནས་མེད
བཀའ་པོད་ལྔའི་རྡོ་ཡི་ཕ་བོང་གིས་གནམ་ས་འགེམ་ཉིན
ཤ་ཟད་རུས་ཟད་ལ་ཐུག་ཀྱང
རིན་པོ་ཆེའི་པོ་ཏི་རེ་རེ་བགོ་བཤའ་རྒྱག་དུས་སུ
ང་ཚོས         རི་རབ་དང་གཙང་ཆབ་ཀྱི་བརྗིད་ཉམས་མིག་ལ་བླངས་ནས
སྙན་ངག་གི་བདུད་རྩིའི་རྫ་བུམ་རེ་རེ་ལག་ཏུ་བཟུང་སྟེ
“གངས་ཀྱི་དགེ་ཆོས”       “གངས་ཀྱི་རང་གྲོལ”ཞེས
ན་ཟུག་གི་གད་རྒྱངས་བཙན་པའི་གླུ་གདངས་རིང་མོ་ཞིག
སེམས་པ་འདིས་རང་དབང་གིས་བཏང་ཆོག
  • ལེ་ཚན་སྔོན་མ།:བརྙན་འཕྲིན་ནང་གི་ཟློས་གར།
  • ལེ་ཚན་རྗེས་མ།:ཁྱི་ཚོགས་ལ་སྤྲིངས་པའི་འཕྲིན་པ།