བརྙན་འཕྲིན་ནང་གི་ཟློས་གར།

མེ་རྟས།        2014-04-17

    བརྙན་འཕྲིན་ནང་གི་ཟློས་གར་འཁྲབ་སྟོན་བཞིན། །
    འདས་པའི་ལོ་ཟླ་ཡུད་ཅིག་ཡུད་ཀྱིས་བཞུད། །
    མ་འོངས་ལོ་ཟླ་ཕྱི་དྲོའི་གྲིབ་སོ་བཞིན། །
    རང་གི་འཁྲིས་སུ་སྐད་གཅིག་སྐད་གཅིག་འོངས། །
    བཅུ་ཕྲག་ལོ་ཟླའི་རྒྱུ་ལམ་ཤུལ་དུ་བཞག །
    ངེས་མེད་ལོ་ཟླའི་ཕྱོགས་སུ་བར་མེད་འགྲོ །
    ཕྱི་འོང་མེད་པའི་རྒྱ་རུ་ཐེག་པ་ལ། །
    གཡོ་ཐབས་རིག་པའི་འཕྲུལ་ཞིག་ཡོད་མ་མཆིས། །
    སྐྱེས་ནས་འཚར་ཞིང་རྒ་ན་འཆི་བ་དང་། །
    གླེན་ཞིང་རྨོངས་པའི་མུན་ཀློང་མནར་བ་དང་། །
    བློ་རིག་བཀྲ་ཞིང་ཆོས་སྲིད་བྱ་བཞག་མཁས། །
    འདི་དག་རང་རང་ལས་སུ་བསྐོས་པར་ཟད། །
    ལྟོ་རྒྱབ་ཕྱིར་དུ་གླེན་ལྐུགས་རབ་བྱུང་བསྒྲུབས། །
    རྒྱུ་ནོར་ཆེད་དུ་གྲྭ་བཙུན་གྲོང་དུ་རྒྱུ། །
    དབང་སྡུད་ཆེད་དུ་དབང་བསྐུར་ཆོས་བཤད་སྤེལ། །
    འདི་དག་བསྟན་པ་ཉམས་པའི་སྔ་ལྟས་ཡིན། །
    མཁས་བཙུན་འཛོམས་པའི་དགུན་གྱི་མེ་ཏོག་དེ། །
    ཁ་ཆར་བུ་ཡུག་ཁྲོད་ན་གསོན་པར་དཀའ། །
    སྤྱི་དོན་ལས་ལ་འབད་པའི་སྐྱེས་བུ་དེར། །
    ཀླད་མེད་ཅོལ་ཆུང་མིག་ལ་ལྷག་པར་འཛེར། །
    སྣ་བརྒྱའི་མེ་ཏོག་རང་རང་ས་ནས་བཞད། །
    ཕར་ཚུར་སྐྱོར་ཞིང་འཚར་ལ་འབྲས་བུ་སྨིན། །
    གདུག་པའི་སྦྲུལ་དག་གཅེས་ཤིང་བསྐྱངས་ན་ཡང་། །
    གཅིག་གིས་གཅིག་ལ་ཟ་ཞིང་བསད་པར་བྱེད། །
    མདོར་ན་ཡོད་ཚད་བརྙན་འཕྲིན་ལྟད་མོ་བཞིན། །
    དགའ་སྐྱོ་ཆགས་སྡང་རིམ་པར་བརྒྱུད་པའི་མཐར། །
    ཡི་གེ་ལ་རུ་རྒྱུ་ནས་རྫོགས་ཚིག་བཀོད། །
    ཡོད་ཚད་དྲན་པའི་ཡུལ་དུ་གྱུར་འདི་ཅི། །
    ལས་མེད་ལག་པ་བཟུང་རྒྱུ་མེད། །
    དྲན་པའི་རྟ་ཕོ་འཛིན་རྒྱུ་མེད། །
    རྨོངས་པའི་སེམས་པ་སངས་དུས་མེད། །
    མེད་པ་གསུམ་གྱི་གཏམ་གླེང་ཡིན། །
  • ལེ་ཚན་སྔོན་མ།:དྲིན་ཆེན་ཕ་མ།
  • ལེ་ཚན་རྗེས་མ།: མི་རབས་གསར་བ།