དྲིན་ཆེན་ཕ་མ།

འབའ་བ་བློ་བཟང་མགོན་པོས།        2014-04-17

    ས་མི་ཡུལ་སྡོད་པའི་བུ་ཆུང་ངས། །
    རང་ཕ་ཡུལ་ཕྱོགས་སུ་འགྲོ་འདོད་ཡོད། །
    དུས་བཟང་པོ་སྨོན་ལམ་ཆེན་མོ་ལ། །
    དྲིན་ཕ་མ་ཚེ་རིང་ནད་མེད་ཤོག །
    ཆུང་བྱིས་པའི་དུས་སུ་གསོ་སྐྱོང་གནང་། །
    ཆེ་རང་མགོ་ཐོན་དུས་བཀའ་སློབ་མཛད། །
    རང་ཕ་མ་བྱེད་པའི་དུས་སྐབས་འདིར། །
    དྲིན་ཕ་མའི་དཀའ་ངལ་ད་རེ་རྟོགས། །
    ཚེས་བཅོ་ལྔ་ཉིན་གྱི་ཟླ་བ་ལ། །
    ངས་རི་བོང་ཞིག་ལ་འཆར་གཅིག་བཞག །
    མགོ་སྐྲ་ལོ་སེར་པའི་དྲིན་ཆེན་གཉིས། །
    ཁྱེད་རི་བོང་རིག་དུས་འཆར་ལན་འཇོག །
    ས་མཐོན་པོ་གནས་མཆོག་ལི་ཐང་ལ། །
    བུ་ཞབས་དྲུང་བློ་བཟང་མགོན་པོ་ཡིས། །
    དྲིན་ཕ་མ་དྲིན་ལན་འཇལ་ན་འདོད། །
    ཁྱེད་རྣམ་གཉིས་སྐུ་ཚེ་རིང་བར་ཤོག །

  • ལེ་ཚན་སྔོན་མ།:བྱ་ཆེན་ཞིག་འཕུར་སོང་།
  • ལེ་ཚན་རྗེས་མ།:བརྙན་འཕྲིན་ནང་གི་ཟློས་གར།