༼འབའ་ཕུན་ཚོགས་དབང་རྒྱས་མཆོག་ལ་མྱ་ངན་ཞུ། ༽
བྱ་ཆེན་ཞིག་རི་སྒང་ནས་འཕུར་སོང་།
བྱ་ཕྲུག་མང་པོ་བསྐྱུར་ཏེ་འཕུར་སོང་།
ཁྱེད་ནི་ང་ཚོའི་གཤོག་པ་ཡིན།
བྲག་བར་གཤེགས་པའི་གཤོག་པ་དེ་ཡིན།
ཐང་ཆེན་པོ་ན་ཁྱེད་ཀྱི་སྡེར་ཤུལ་ཡོད་ལ།
གནམ་སྔོན་པོ་ན་ཁྱེད་ཀྱི་མིག་ཟུང་ཡོད།
ནམ་ཡང་བརྗེད་ཀྱི་མེད། ཁྱེད་ཀྱི་སྡུག་གི་ལོ་ཟླ་དེ།
མི་ལོ་བཅོ་བརྒྱད་ཀྱི་མུན་པ་དེ་བརྗེད་ཀྱི་མེད།
མེ་ལོང་ཞིག་འདི་ལྟར་ཆག་སོང་།
ལོ་རྒྱུས་ཀྱི་རི་མོ་ཞིག་འདི་ལྟར་ཉམས་སོང་།
བདེན་པའི་ལམ་ཐག་ན་ཨུ་ཚུགས་ཀྱིས་འགྱིང་བའི།
ཁྱེད་ཀྱི་བྲག་རི་ལྟ་བུའི་སྙིང་སྟོབས་དང་།
ཤེས་ཡོན་གྱི་མཐོང་ལམ་གཅོད་བཞིན་པའི།
ཁྱེད་ཀྱི་རྒྱ་མཚོ་ལྟ་བུའི་དགོངས་པ་ལ།
ནམ་ཡང་བརྗེད་ཀྱི་མེད། ཁྱེད་ཀྱི་བསླུ་བ་མེད་པའི་ལྟ་གྲུབ་དེ།
རྔུལ་ཁྲག་གི་ཚེགས་ལས་བཞུར་བའི་སྙན་ཞུ་དེ་དག་བརྗེད་ཀྱི་མེད།
ཞོགས་སྔ་མོའི་སྐྱ་རེངས་དང་མཉམ་དུ།
ཁྱེད་ཀྱིས་རེ་བའི་དམ་ཚིག་ཞིག
ངེད་ཅག་ལ་བཞག་སྟེ་ཕེབས་སོང་།
ཅི་འདྲའི་ཉམ་ཆུང་བའི་ངེད་ཅག་ལ།
ཅི་འདྲའི་མཁོ་བའི་ཁྱེད་ཉིད།
ནམ་ཡང་བརྗེད་ཀྱི་མེད།
ཁྱེད་ཀྱིས་བརྟོལ་བའི་གནམ་མཁའ་དེ།
ལོ་རྒྱུས་ཀྱིས་ཀྱང་བརྗེད་ཀྱི་མེད་ལ།
མི་རིགས་དེས་ཀྱང་བརྗེད་ཀྱི་མེད།
ཅི་འདྲའི་མཁོ་བའི་ཁྱེད་རང་།
བདེ་བར་ཕེབས་དང་། བདེ་བར་གཟིམ་རོགས།
དཔྱིད་ཟླ་གསུམ་པའི་བསིལ་རླུང་དང་མཉམ་དུ།
ངེད་ཅག་གིས་ཀྱང་། ཁྱེད་སེམས་ཀྱི་དག་ཞིང་དེར་སྐྱེལ་མ་བྱེད་བཞིན་ཡོད།