བཙན་པོའི་སྲས་འབའ་ཕུན་དབང་ལགས་ལ་མྱ་ངན་ཞུ།

བློ་བཟང་ཐབས་མཁས།        2014-04-02

དེ་རིང་གཟའ་ཉི་མ་བོད་ཟླ་དང་པོའི་གནམ་གང་། སྒོ་ར་ནང་པའི་བུ་གཡང་། འབའ་ཡུལ་གྱི་གཟི་བརྗིད། ཁམས་པའི་དཔའ་བོ། བོད་གངས་ཅན་གྱི་བསོད་ནམས། ཀྲུང་གོའི་དོན་དང་ལྡན་པའི་གསར་བརྗེ་བ། འཛམ་གླིང་མཚན་ཉིད་རིག་པ་བ་གྲགས་ཅན། སྒོ་ར་ནང་པ་ཕུན་ཚོགས་དབང་རྒྱས་པེ་ཅིན་དུ་ཡུན་རིང་སྙུང་གཞི་བཞེས་ནས་དེ་རིང་སྔ་མོའི་ཆུ་ཚོད་བདུན་དང་སྐར་མ་བཅུ་ཐོག་འཇིག་རྟེན་མི་ཡུལ་དང་བྲལ་ནས་ཞིང་དུ་གཤེགས། ཁོང་གིས་ང་ཚོ་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་རིགས་ལ་ཞེན་པའི་ལྷག་བསམ། ཚན་རིག་ལ་བརྩོན་པའི་སྙིང་རུས། ཕུགས་རྒྱང་རིང་བའི་ཐུགས་རྒྱུ། འདྲ་མཉམ་བརྩོན་ལེན་གྱི་སྤོབས་པ་སོགས་རིན་བྲལ་ནོར་བུ་དུ་མ་བཞག་ནས་གཤེགས་སོང་། ང་ཚོས་ནོར་ཉམས་ཆོད་པར་བྱས་ཏེ་སྔ་བས་རྡོག་རྩ་ག་སྒྲིལ་གྱིས་སོ་སོའི་ལས་རིགས་ཐོག་ལ་ཧུར་ཐག་གིས་སྤྱི་བསམ་མང་ཙམ་བཏང་བ་དང་། རང་རིགས་ཀྱི་ཐུན་མིན་རིག་གནས་དང་སྐད་ཡིག་ལ་ལྷག་པར་སྙིང་རུས་བསྐྱེད་དེ་དམ་པ་གོང་མ་རྣམས་ཀྱི་བཟང་པོའི་འཕྲོ་བསྐྱང་། ངན་པའི་རྒྱུན་བཅད་དེ་ཕ་རྗེས་བུ་འཇུག་དང་བཟང་དཔེ་ཡར་ལྟོས་ཀྱིས་གདུང་སེམས་སྟོབས་སུ་བསྒྱུར་ནས་རང་རང་སོ་སོ་ལམ་དུ་འཇོག་པ་གལ་ཆེ་བར་སྙམ་མོ།
  • ལེ་ཚན་སྔོན་མ།:འབའ་པ་ཚང་ལ་མྱ་ངན་ཞུ་བ།
  • ལེ་ཚན་རྗེས་མ།:བྱ་ཆེན་ཞིག་འཕུར་སོང་།