འབའ་པ་ཚང་ལ་མྱ་ངན་ཞུ་བ།
དཔའ་བུ་བསོད་ནམས་སྟོབས་རྒྱལ། 2014-04-02
ཁྱེད་ནི།
ཁམས་པའི་ཕོ་རྒོད་ངོ་མ་ཞིག
གངས་རིའི་གཟི་བརྗིད་དག་མ་ཞིག
ས་ཡ་དྲུག་གི་རྣམ་ཤེས་གསོན་པོ་ཞིག
བོད་མིའི་གསར་བརྗེ་བ་ངོ་མ་ཞིག
ངས་ཁྱེད་ཀྱི་གསུང་རྩོམ་ལས།
ཁྱེད་ཀྱི་སྙིང་སྟོབས་རྟོགས་བྱུང་།
ལྷག་བསམ་གོ་བྱུང་།
རྣམ་དཔྱོད་ལ་ཧང་སང་ཡོད།
ཁྱེད་ཀྱིས་རླབས་ཆེ་བའི་བྱ་གཞག་ཅིག
ངོ་མཚར་བའི་གཏམ་རྒྱུད་ཅིག
བསུབ་ཏུ་མེད་པའི་མཛད་བཟང་ཞིག་བསྐྲུན་ཏེ།
འཛམ་གླིང་ན་འབྲུག་སྒྲ་བཞིན་གྲགས་ཆེ་ཞིང་།
ཁ་བ་ཅན་པར་ཁུ་བྱུག་ལས་སྙན་པའི་གསུང་ཞིག་བསྒྲགས།
ཁྱེད་ཀྱིས་དཀའ་སྡུག་གི་འགག་འཕྲང་དུ་མ་བརྒྱུད་ཅིང་།
བཟོད་དཀའ་བའི་མནར་གཅོད་མང་པོ་མྱོང་ཡང་།
སུ་ལའང་སྡུག་ཡུས་མེད་པ་ནི།
ཐམས་ཅད་མི་རིགས་ཀྱི་འཆམ་མཐུན་དང་།
མི་རིགས་ཀྱི་ཁེ་ཕན་ལ་བསྒོམས་པས་ཡིན།
ཁྱེད་ནི་ས་འདི་ན་ཕེབས་པའི་ས་ཐོབ་ཀྱི་བྱང་སེམས་ངོ་མ་ཞིག
གནས་འདི་ནས་འཁྲུངས་པའི་གདོང་དམར་བའི་ལམ་སྟོན་དམ་པ་ཞིག་རེད།
དེ་རིང་ཉི་མ་ལྟ་བུའི་ཁྱེད་ཉིད་གཤེགས་སོང་།
གངས་རིའི་ལྗོངས་འདི་མུན་པས་གཡོགས་བྱུང་།
དེ་རིང་ཁྱེད་ཉིད་ཕྱི་མིག་གཟིགས་བཞིན།
འཁྲེང་སེམས་འཆང་གིན་ཕེབས་ཡོད་དམ།
ཡང་ན……
གང་ལྟར་དེ་རིང་ལྷབ་ལྷུབ་ཏུ་འཁོལ་བཞིན་པའི་
གངས་རིའི་སེམས་པ་ཁྲི་མ་འབུམ་གྱིས།
ཁྱེད་ཉིད་ལ་སྐྱེལ་མ་ཞུ་བཞིན།
དམ་བཅའ་འཛིན་བཞིན།
བློ་སྟོབས་བསྐྱེད་བཞིན།
ཁྱེད་ཀྱི་ཡལ་མེད་ཀྱི་རྣམ་ཤེས་གསོན་པོ་ལ་གུས་ཕྱག་འཚལ་གྱིན་འདུག
ཁྱེད་ཀྱིས་ང་ཚོར་བཞག་པ་ཐམས་ཅད་ནི།
འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསོན་པོ་ཞིག་ལགས་པས།
མི་རབས་རྗེས་མ་ཚོས་ནམ་ཡང་དཔྲལ་བའི་མིག་དང་
ཁོག་པའི་སྙིང་བཞིན་གཅེས་སུ་འཛིན་ངེས་ལགས།
དེར་བརྟེན། མགོན་པོ་ལགས། བདེ་བར་ཕེབས།
དཔའ་བོ་ལགས། བདེ་བར་ཕེབས།
སློབ་དཔོན་ལགས། བདེ་བར་ཕེབས།
གསར་བརྗེ་བ་ལགས། བདེ་བར་ཕེབས།