ཕ་ཡུལ་ནས་ལམ་ལ་ཆས་ཁར།
གླིང་བུ་ཚེ་རིང་དོན་གྲུབ། 2014-04-29
ཕ་ཡུལ་ནས་ལམ་ལ་ཆས་དུས།
སྐྱོ་གདུང་གི་རྣམ་འགྱུར་གསང་ཐབས་བྱས་རུང།
མིག་ཀོང་ལས་དྲན་གདུང་གི་མཆི་མ་ཤག་ཤག་བཞུར།
ཕ་མས་མ་ཎི་ལྷ་ཁང་གི་བར་དུ་རང་ལ་སྐྱེལ་མ་བྱས་ཤིང་།
དྲང་མོར་བཤད་ན། སྐྱེལ་མ་འདིས།
ང་ཚོ་ལོ་ངོ་གཅིག་རིང་ངོ་འཕྲད་བྱུང་མི་ཐུབ་པ་མཚོན་ཡོད།
བར་འདིར་ང་ཡང་རང་གི་ཕ་མ་དང་གཉེན་ཉེ་ལ་ཁ་གྱེས་མི་འདོད་ཀྱང་།
བྱ་བའི་དབང་གིས་ང་རང་འགྲུལ་བཞུད་ཀྱི་ལམ་ལ་མི་ཆས་ཀ་མེད་བྱུང་།
ཟི་ལིང་གི་མགྲོན་ཁང་ཞིག་ནས་ཕྱིར་ཕ་ཡུལ་ལ་ཁ་པར་རྒྱག་དུས།
ཕ་མའི་ངག་སྒོ་ཡངས་མོས་ངའི་སེམས་ལ་ན་ཟུག་བསླངས།
སྐྱོ་བ་ལའང་། ཁ་པར་གྱི་སྒོ་བརྒྱབ་རྗེས་ང་ངུས་ནས་ཡུན་རིང་འགོར།
ལོ་གསར་ནང་གི་སྤྲོ་སྐྱིད་དང་ལྷན་འཛོམས།
ད་དུང་ཕ་མའི་རྒས་གཉེར་དང་བརྩེ་བ་དག་ལ།
མྱུར་དུ་བདེ་མོ་འཇོག་རྒྱུ་ངོ་མ་དཀའ་མོ་ཞིག་རེད།
གནམ་གྲུའི་ནང་ནས་མིག་ཟུང་བཙུམ་ཏེ།
ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་།
ཆ་རྒྱུས་ཡོད་པའི་ངོ་གདོང་རེ་རེ་ལ་ཕྱིར་དྲན་གང་མང་བྱས།
ཀུན་གྱིས་རེབ་གོང་བ་ནི་ཡུལ་གདུང་ཆེ་ཞེས་ཟེར།
ངོ་མ། ང་ཡང་དེ་ཁོ་ན་ལས་མ་འདས།
གཅེས་སུ་འོས་པའི་ཕ་ཡུལ་གསེར་མོ་ལྗོངས་ནས།
རང་གིས་འབད་བརྩོན་དང་གཞུང་དྲང་བྱས་ལ།
འཚོལ་སྙེགས་ཀྱི་རེ་འདུན་ལ་དེ་ལྟར་གཞི་མ་བཅོལ་ཡང་།
ཡིད་ཚིམ་པའི་ལས་ཀ་ཞིག་ངོ་མ་རེག་ཐུབ་པ་མ་བྱུང་།
མཚམས་ལ་རེར། མདངས་རེ་བརྒྱབ་ན།
ང་ནི་ཕ་ཡུལ་གྱིས་རྒྱང་ཕུད་བཏང་བའི་མི་ཞིག་དང་འདྲ།
སེམས་པ་འདི་རླུང་བུ་ལྡོམ་པོ་བཞིན།
ཕ་ཡུལ་གྱི་ཕྱོགས་ལ་ལྡང་བ་བགྲང་གིས་མི་ལངས།
ཡིན་ཡང་། དུས་ཚོད་དང་ཁོར་ཡུག་ཅི་ལྟར་འགྱུར་རུང་།
ཕ་ཡུལ་ལ་བཅིང་བའི་བརྩེ་བར་འགྱུར་དུས་ཤིག་ག་ལ་ཡོད།
ཕྱི་ནས་ཡུལ་ལ་ལོག་དུས་དེ་ལྟར་དགའ་རུང་།
ཕ་ཡུལ་ནས་ཕྱིར་ལམ་ལ་ཆས་རྒྱུ་ནི།
ང་ལ་མཚོན་ན་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ཅིག
སྡུག་བསྔལ་འདི་ཕ་མ་དང་། ང་རང་ཉིད་ཁོ་ནས་རྟོགས་ངེས།
མཛེས་སྡུག་ལྡན་པའི་རྒྱལ་ཐང་དུ་ཐོན་དུས།
རྨི་ལམ་དུ་ཕ་ཡུལ་གྱི་འཆར་རྟོགས་མང་བོ་ཞིག་རྨིས་ཤིང་།
དེའི་ཞོར་ལ་སེམས་ནང་གི་ཆུང་འདྲིས་བྱམས་པ་དེ་ཡང་རྨིས་བྱུང་།
དེ་དག་དྲན་པས། ང་རང་དྲན་གདུང་གི་ཀློང་དུ་འཁྲིད་ལ།
དྲང་མོར་བཤད་ན། བརྒྱུད་ཟིན་པའི་དོན་དག་འདི་དག
མ་གཞི་ནས་མི་ཚེའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་རེ་རེར་གྱུར་འདུག
འདི་ནས་བྲེལ་འཚུབ་ཀྱི་ཞོར་དུ།
ཕ་ཡུལ་དྲན་ཞིང་། ཕ་ཡུལ་གྱི་བྲོ་བ་དེ་ལྟ་བུ་ནི།
གཞན་དུ་ཅིས་ཀྱང་ཡོད་མི་སྲིད་ལ།
ཕ་ཡུལ་ནི་ངའི་སེམས་ནང་གི་དག་ཞིང་ཁོ་ན་ཡིན།
དུས་ཀྱི་འཁོར་འགྲོས་ནི་འདི་ལྟར་མགྱོགས་པ་ལ།
མོག་མོག་གི་ལོ་ཟླའི་ཁྲོད་ནས།
ང་ཡང་མཛེས་པའི་གནས་འདིར་གོམས་ཤིང་།
འདི་ནི་ཁོར་ཡུག་གི་དབང་གིས་ཡིན་ནམ།
ཡང་ན། ང་རང་ཉིད་ལ་འགྱུར་ལྡོག་བྱུང་བས་ཡིན།
གང་ལྟར། ཡུལ་འདི་ནས་ལྟེ་ཁྲག་ས་ལ་མ་འཕོས་ཀྱང་།
རང་ཉིད་ཀྱི་ད་ལྟའི་བདེ་སྐྱིད་དང་འཚོ་བ་ནི།
ཡུལ་འདི་ལས་བྱུང་ཞིང་འདི་ལ་ཆགས་པས།
གནས་འདི་ལའང་ཕ་ཡུལ་ལྟ་བུའི་བརྩེ་སེམས་ཡོད་ན་འགྲིག་ཅིང་།
འདིའི་ཕྱོགས་སོ་སོ་ལའང་བཀའ་དྲིན་གྱི་འབོད་བརྡ་བཏང་ན་འགྲིག
ད་ལྟ་ནི་སྟོན་མཇུག་ཏུ་བསླེབས་ཤིང་།
ཕ་ཡུལ་དུ་ལོ་མ་སེར་བོ་རྣམས་རླུང་གིས་འཁུར་བཞིན་ཡོད།
དགུན་རྒྱ་སྟག་འདྲ་མོ་བསླེབ་པའི་དུས་ལ་ཉེ་བས།
རླུང་བསེར་བུའང་རུས་པའི་རྐང་ལ་ཟུག་ཡོང་།
ཕ་ཡུལ་དུ་ལོག་པའི་དུས་ཚོད་ཇེ་ཐུང་དུ་གྱུར་ལ།
ད་ལྟ་ནི་རང་སེམས་རང་གིས་བཅོས་ཏེ།
ཡིད་ཆེས་དང་སྤོབས་པ་འཁྱེར་ནས།
བཟའ་མི་གང་བོ་ཕ་ཡུལ་ལ་ལོག་འོས་ཤིང་།
ཕ་ཡུལ་ནས་ལོ་གསར་གྱི་གནང་བ་ཐུང་ཐུང་དེ།
བདེ་སྐྱིད་དང་དགའ་སྤྲོས་ངང་ནས་དམ་འཛིན་བྱ་འོས།
འགྲོ་འོང་གི་ལམ་ཆས་རྒྱག་པ་གང་ཡིན་རུང་།
བརྩེ་བ་རྣལ་མས་དང་ལེན་བྱས་ན་འགྲིག་པར་འདོད་དོ།།