ངའི་འཚོ་བ།
སི་བོད་སློབ་གྲྭ།(གཡུ་མེས།) 2014-05-07
ནམ་རྒྱུན་སྤྱི་ཚོགས་ཁྲོད་དུ།།
གཞན་ལ་སློབ་གསོ་ཐེབས་པའི།།
སྐད་ཆ་བཤད་འདོད་ཡོད་ཀྱང་།།
སྤྱི་ཚོགས་ཉམས་མྱོང་མེད་པས།།
བདག་གིས་བཤད་པའི་སྐད་ཆར།།
གཞན་གྱིས་གདེང་འཇོག་མ་ཐོབ།།
ནམ་རྒྱུན་སློབ་གྲྭའི་ནང་ནས།།
སློབ་མར་སློབ་གསོ་ཐེབས་པའི།།
རྩོམ་ཡིག་འབྲི་འདོད་ཡོད་ཀྱང་།།
རང་གི་སྤྱོད་པ་གཙོག་པས།།
སློབ་གསོ་ཐེབས་པའི་རྩོམ་ཡིག།
འབྲི་བར་ངོ་རེ་ཚ་བྱུང་།།
ནམ་རྒྱུན་བགྲོ་གླེང་ཁྲོད་དུ།།
སློབ་གྲོགས་གཞན་པ་ཚོ་དང་།།
བསམ་བློ་བརྗེ་འདོད་ཡོད་ཀྱང་།།
སྐད་ཆའི་སྒྱུ་རྩལ་མེད་པས།།
བཤད་འདོད་ཡོད་པའི་སྐད་ཆ།།
ཁོག་པའི་ནང་ནས་རུལ་སོང་།།
སློབ་ལ་བརྩོན་འདོད་ཡོད་ཀྱང་།།
སློབ་སྦྱོང་བྱེད་ཐབས་མ་ཤེས།།
འཆར་གཞི་འགོད་ཐབས་མ་འགྲིག།
སློབ་ལ་བརྩོན་པ་བྱས་ཀྱང་།།
འབྲས་བུ་སྤུ་ཙམ་མ་ཐོབ།།
ཡིད་ཆེས་གཏིང་ནས་ཟད་ཐལ།།