ངའི་ལས་དབང་འདི།

ཆོས་བཞིན།        2014-06-03

གནམ་ས་གཉིས་ཀྱི་སྲུབས་ཀ་ནས
ཐོག་མའི་དབྱངས་རྟ་དེ
མི་ཡུལ་གྱི་རྫོང་གོག་འདིར་ཤུགས་ཀྱིས་གྱེར་ནས་བཟུང
ལྷག་བསམ་དང་དྲོད་ཁོལ་མེད་པར
རང་འདོད་དང་གཡོ་སྒྱུའི་ཟིང་འཁྲུག་ཆེ་ས་འདི་ནས
རོ་ཕུང་འདི་དུར་ལ་མ་བསྐྱུར་བར
ཁེར་རྐྱང་ངང
ཨུ་ཚུགས་ཀྱིས་ལངས་དགོས་པས
ང་ལ་ཐོབ་བྱ་ཅི་ཡང་མེད་ལ་ཅི་ཡང་ཐོབ་མི་སྲིད
 
མི་སྲིད་པའི་སྲིད་པ་འདིར
དགོས་ངེས་ཀྱི་སྙིང་བོ་ཅི་ཡང་མི་སྲིད་ཀྱང
མི་དགོས་པའི་སྙིགས་རོ་དག་ཅི་འདྲའི་སྲིད་ཨང
 
སུ་ཡང་ཤོར་མ་མྱོངས་ལ་སུ་ཡང་གཡོག་ཏུ་བཀོལ་བའི་ལས་ཀྱི་རྒྱལ་མོ
ང་ལ་དགོངས་པ་ཞིག་གནང་རོགས
ངས་རི་མཐོ་ས་མཐོ་ས་ཞིག་ནས་ཀི་ཞིག་འདེབས་འདོད་ལ
མཚོ་ཆེ་ས་ཆེ་ས་ཞིག་གི་འགྲམ་ནས་ཆོ་ངེ་རེ་འདེབས་ན་འདོད
 
དགོངས་དག་ཞུ
ང་ལ་རྒྱུ་མཚན་མེད་པ་མིན་ཏེ
དྲང་བདེན་ལ་བརྩི་མཐོང་མི་བྱེད་པའི་སེམས་ཅན་དེ་དག
རིན་ཐང་ལ་དོ་སྣང་མི་བྱེད་པའི་མི་བུ་དེ་དག
གཡོ་སྒྱུ་ཁྲམ་གསུམ་གྱིས་བཅིངས་པའི་རྐང་གཉིས་དེ་དག
བླང་དོར་གྱི་མིག་ཟུང་ནམ་ཡང་ཕྱེ་མ་མྱོང་བའི་ཉག་ཉོག་དེ་ཚོ
 
ཁྱོད་ཚོ་སུ་ཞིག་གི་ཆེད་དུ
སུ་ཞིག་གི་ཁྲལ་གསོད་ཙམ་དུ
མི་ཡུལ་ནས་ལོ་ག་ཚོད་ལ་འདུག་དགོས
ཁྱོད་ཚོས་རང་ཉིད་སྲོག་ལྡན་ཞིག་ཡིན་པར་ཐེ་ཚོམ་མི་ཟའམ
 
ཨ  ངའི་ལས་དབང་འདི
ཅི་ལྟར་བཤད་ཀྱང་གོ་བ་གཏན་ནས་མི་སྐྱེ་བའི་སྲོག་ཆགས་ཚོ
 
  • ལེ་ཚན་སྔོན་མ།:ངའི་འཚོ་བ།
  • ལེ་ཚན་རྗེས་མ།:གདོང་ལ་བཏབ་པའི་རྐན་སྒྲ།