གདོང་ལ་བཏབ་པའི་རྐན་སྒྲ།

ཆོས་བཞིན།        2014-06-03

  གཡོ་ཅན་སེང་གེའི་ལྟོ་ལྷག་ཟ་བའི་ཉག་ཉོག་ཅོལ་ཆུང་འགའ་ཞིག་གིས།།
    མི་ཤེས་གླེན་པས་ཨུ་ཚུགས་བྱས་ཏེ་གཞན་གྱི་གཡམ་ལ་རྒྱུག་པ་ལས།།
    བློ་དང་རིག་པ་རང་ལ་ཡོད་པས་ཀུན་གྱི་གཞི་རྩ་བརྡ་སྤྲོད་ལུགས།།
    ཇི་བཞིན་རྟོགས་པའི་བློ་སྤོབས་རྒྱས་ན་ཨ་མའི་བུ་ཆུང་ཁྱེད་ལ་ཟེར།།
   དྲང་བདེན་གཤིས་ཀྱི་དྭངས་མ་བོར་བའི་གནམ་འོག་སྐྱེ་འགྲོའི་བར་གསེང་ན།།
   ཞིམ་མངར་བཅུད་ལྡན་འོ་མ་དཀར་པོ་ཡོངས་སུ་མེད་པའི་བ་དག་ལ།།
    སྙན་པའི་དྲིལ་ཆུང་གསེར་གྱི་རྒྱན་སོགས་ཀུན་ནས་སྤྲས་ཏེ་འཚོང་བ་ཡི།།
    ས་སྟེང་སེམས་ཅན་གཏི་མུག་ཅན་དག་འདི་ལྟར་སྐྱེས་ཤིང་འདི་ལྟར་ཤི།།
    གདོས་བཅས་ལུས་ཀྱི་རྫོང་གོག་ནང་ན་རྣམ་དཔྱོད་གསེར་ཞུན་སྦྱངས་མ་ཞིག།
    སྒྱུ་མའི་ཕོ་བྲང་ཡོངས་སུ་རལ་ཀྱང་རིན་ཆེན་ནོར་བུའི་རིན་ཐང་ཞིག།
    གནམ་སའི་བར་ན་ནམ་ཡང་གྲགས་པའི་དོན་དམ་བདེན་པའི་བུ་ཆུང་ལ།།མིག་
   ལྡན་སྔུན་ན་སེང་གེའི་འགྱིངས་ཡོད་དམར་ཡག་སྟག་གི་མཆོང་རྩལ་ཡོད།།
    མུ་ཁྱུད་དམ་པོས་ཡོངས་སུ་བསྐོར་བའི་མུན་པའི་འཇིག་རྟེན་ཆུང་ཆུང་འདིར།།
    རིགས་ངན་ཁྱི་དང་ཁྭ་ཏའི་ཚོགས་ཀྱིས་ཐོ་ཅོ་རྩོམ་པའི་མུ་ཅོར་སྨྲ།།
    གཞན་ཕན་སེམས་ཀྱི་སྐད་ཆ་མ་ལུས་གདོང་ལ་བལྟས་ཏེ་བཤད་ནུས་ན།།
    བརྗིད་ལྡན་གངས་ཀྱི་སེང་གེ་དེས་ཀྱང་གནམ་ས་གཡོ་བའི་གཡུ་རལ་གསུག།
  • ལེ་ཚན་སྔོན་མ།:ངའི་ལས་དབང་འདི།
  • ལེ་ཚན་རྗེས་མ།:ཕ་ཡུལ་བསྟོད་གླུ།