ཕ་ཡུལ་བསྟོད་གླུ།
ཁམས་བྱང་མཐོ་འབྲིང་།(ཆོས་གྲགས།) 2014-06-24
སྟོད་ན་འཛམ་པའི་རི་རྒྱུད། །
སྨད་ན་ནགས་ཀླུང་ཕྱུག་མོ། །
བར་ན་སྤང་དང་མེ་ཏོག །
ང་ཡི་ཕ་ཡུལ་ཡིན་སོང་། །
སྐྱིད་པའི་མི་ཡུལ་ཞིང་ལ། །
འོད་གསལ་སྟོང་ལྡན་འཕྲོ་དུས། །
ནོར་ལུག་སྐར་མའི་གཟུགས་འཛིན། །
ང་ཡི་ཕ་ཡུལ་ཡིན་སོང་། །
དམ་པའི་ལྷ་ཆོས་རྩི་ས། །
རིག་བཅུའི་གཟི་འོད་འབར་ས། །
མི་རིགས་འདུ་ཤེས་ཟབ་ས། །
ང་ཡི་ཕ་ཡུལ་ཡིན་སོང་། །
འཛམ་གླིང་མཐོན་པོའི་ཡང་རྩེ། །
དྲི་ཞིམ་སྣ་བརྒྱ་འཛོམས་ས། །
གཡུ་ཁོག་སྨན་སྡེ་ཕྱུག་མོ། །
ང་ཡི་ཕ་ཡུལ་ཡིན་སོང་། །
ཕོ་ཤར་མོ་མཛེས་འབེལ་ས། །
འབངས་ཀྱི་འཚོ་བ་སྐྱིད་ས། །
མི་རྣམས་མཐུན་སྒྲིལ་ལྡན་ས། །
ང་ཡི་ཕ་ཡུལ་ཡིན་སོང་། །