ཞོ་ར་བློ་བཟང་བཀྲ་ཤིས། 2014-03-21
རྐང་ལམ་གྱ་གྱུ དམའ་ས་ནས་མཐོ་སར་ཟུག
ལོ་ཟླ་བཞིན་བརྩེགས་པའི་རྡོ་ཕུང
རྐང་རྗེས་དང་མཉམ་དུ་བགས་ཀྱིས་འཕེལ སྡིག་ཉེས་ཀྱི་ཕ་བོང་གྲུ་བཞིར
ལྷ་སྒྲུང་གི་ཉིན་སྲིབ་ཁོ་ནར་འབྱར་བའི་ཆིབས་པའི་རྨིག་རྗེས
གནས་མཇལ་བའི་སྔས་སུ་བསླངས་འདུག
སྐས་རིམ་བཞིན་འགོས་ནས
ལན་ཆགས་ཀྱི་སྒྲིབ་པ་རྔུལ་ཆུས་དག་ན
གཙུག་ལག་ཁང་གི་བྱ་འདབས་ཀྱི་གཡེར་དྲིལ་འཇམ་པོས
གོ་དཀའ་བའི་གསང་བ་ཡོད་ཚད་ལ་འགྲེལ་བཤད་རྒྱག་ངེས
སྐབས་དེར ཁྱེད་ཀྱིས་སྤྲིན་དཀར་གྱི་ཡང་སྟེང་ནས་སྨོན་ལམ་བརྒྱབ་ཆོག
ལོ་ཟླའི་བྱེ་རླུང་གིས་མ་རལ་བའི
འཇམ་ཐིང་ཐིང་གི་རྡོ་མཁར་རྙིང་བ་ཞིག
རྩྭ་ལྡུམ་དང་འཇག་མའི་མཐོ་ཚད་ལས་འཕགས་ཀྱང
སྐྱོ་ཡུས་དང་རྨི་ལམ་བསྒྲིགས་པའི་གོ་རིམ་མཐའ་དག
ཁྱེད་ཀྱི་སེམས་ཁ་ནས་གཏན་དུ་གསོན་དགོས
དུས་ཚོད་ཀྱི་བྲེལ་ཟིང་མེད་པའི་རི་ཁྲོད
ས་སྲོད་ཀྱི་སྐོར་ལམ་ན བདག་མེད་ཀྱི་མགྲིན་བཟང་སྐོར་ཞིག
མགོ་བོ་སྒུར་ནས་སྔོ་རྩྭ་ཧྲིག་ཧྲིག་ལྡད ལྡུམ་རིགས་དང་ནག་དྲེག་གིས་ཟིན་པའི
མཚམས་ཁང་ཁ་ཤས
གཡའ་བྲག་གིས་བསླངས་བའི་རྩིག་ཧྲིལ་གྱི་མཆོད་རྟེན་གོག་པོ
ད་དུང་སད་མ་ཐུབ་པའི་རྨི་ལམ་གྱི་ངོགས་ན་བསང་དུད་བཞིན་འཁྱིལ
ཏའེ་ཆི་ཡོན་གྱིས་པར་བླངས།
རྩོམ་གསར། 10