ལྷ་ས།

ཞོ་ར་བློ་བཟང་བཀྲ་ཤིས།        2014-03-19

ལྷ་ས      མར་ཁུ་བཞིན་འཁྱིལ་བའི་མཇུག་མཐའི་མཚན་འབར
དད་སེམས་ཀྱིས་བསྐྲུན་པའི་ལྷ་ཚོགས་རང་ཉིད་ལས་མོད་ཀྱང
ཁྱོད་ཀྱི་བྱེ་ཐང་ལ་སྔར་བཞིན་མེ་ཏོག་བཞད་མེད
ཡིག་དྲུག་གི་འབོད་པ་རྦ་རླབས་བཞིན་ཁོལ་ཡང
ཁྱོད་ཀྱི་ངུ་སྐད་དང་སྡུག་གཏམ་ད་དུང་འཇགས་མེད
 
ལྷ་ས     ཁྱོད་ཀྱི་རྐང་རྗེས་ལ་ལྷ་སྒྲུང་གི་སྨུག་རྒྱུ་མཆེད་ཅིང
ཁྱོད་ཀྱི་མཁའ་དབྱིངས་ན་མུན་ནག་གི་རྔམས་ཀ་སྟུག
སྟོང་བསམ་ལ་འཁྲུལ་བའི་བྱིས་པ་དེ་ཚོ
ད་ལྟ་ད་དུང་རྐང་རྗེན་ཡིན་པས
ཁྱོད་ཀྱི་གསོལ་མཆོད་ལ་སྟོན་འབྲས་སྨོན་པའི་དུས་ཚིགས་ནམ་ཡིན
 
ལྷ་ས      མ་ཡུམ་ལྟར་བརྩེ་ཞིང་དུངས་བའི་ལྷ་ས
ཁྱོད་ལ  གློག་ཀླད་དང་འཕྲུལ་ཆས་ཀྱི་སྒུལ་ཤུགས་ཨེ་ཡོད
ཁྱོད་ལ     ཚན་རྩལ་དང་བཟོ་ལས་ཀྱི་འཕེལ་རྒྱས་ཨེ་ཡོད
ཁྱོད་ལ    མེ་ཏོག་དང་དབྱར་ཟླ་ཡི་དུས་ཚིགས་ཨེ་ཡོད
ཤ་དར་ཁྲག་དར་གྱི་ལག་ངར་སྦོམ་པོ
མཁོ་མེད་ཀྱི་དབང་པོ་ལྷག་མ་ཞིག་མ་རེད་ཡ
 
ལྷ་ས    ཧོར་གླིང་གཡུལ་འགྱེད་གྱི་དཔའ་མཛངས་ཁྲོད
ཕོ་རབ་ཇག་ནས་ཤི་བའི་མཛད་རྗེས་གླེང་བཞིན
ནམ་ཡང       མུན་ནག་གི་ཁ་ཕྱོགས་མུན་ནག་དང་འདྲེས
 
ལྷ་ས་ཁྱོད་ཀྱི་རྩེ་མོ་ནམ་མཁར་ཟུག་ཅིང
ཁྱོད་ཀྱི་རྩ་བ་རྒྱ་མཚོར་ཐུག་ཡོད་པས
པོ་ཏཱ་ལའི་རྒྱ་ཕུབ་ལས་འོད་མདངས་འཁྱུག་པའི་དུས་ཚོད་ཡོད་ངེས་སམ
  • ལེ་ཚན་སྔོན་མ།:སྐྱོ་མགུར་མཆི་མའི་རླབས་སྒྲ།
  • ལེ་ཚན་རྗེས་མ།:རི་ཁྲོད།