སྐྱོ་མགུར་མཆི་མའི་རླབས་སྒྲ།
ཞོ་ར་བློ་བཟང་བཀྲ་ཤིས། 2014-03-19
གཡུ་མདོག་རླབས་ཕྲེང་འཕྱོ་བའི་རིག་བྱེད་ཀྱི་མཚོ་མོར།།
ཅི་དགར་བག་ཡངས་རྩེན་པའི་ཟླ་གཞོན་གྱི་སྲིང་མོ།།
རིན་ཆེན་རྒྱུད་སྟོང་སོར་མོའི་འདུ་བྱེད་དང་འགྲོགས་ནས།།
སྡུག་ཡུས་གཞས་ལ་འགུག་པའི་གྲོགས་དན་རང་མཛོད་ཅིག།
འཇིག་རྟེན་ཆགས་སྡང་ཟློས་གར་ཤིག་ཤིག་ཏུ་བསྒྱུར་བས།།
སྣ་ཚོགས་ཆ་འཇོག་བྲལ་བའི་ངང་ཚུལ་ལ་བསམས་ནས།།
འདི་སྣང་འཁོར་བའི་ཕུན་ཚོགས་རྒྱང་རིང་དུ་བསྲིངས་ཏེ།།
གྲོགས་མེད་གཅིག་པུ་དབེན་པའི་རི་ཁྲོད་དུ་ཆས་འདོད།།
དུག་གསུམ་སྐྱུར་ཆུས་བརླན་པ་བདག་འཛིན་གྱི་བེམ་རོར།།
བློ་དང་ཐབས་ཀྱི་འཇོ་སྒེག་སྤྲས་མིན་གྱི་ཁྱད་ཀྱིས།།
སྒྱུ་མའི་རོལ་རྩེད་བྲིན་པའི་ངང་ཚུལ་ལ་བསམས་ན།།
ཡིད་སེམས་གཤོག་པའི་སྟངས་སྟབས་དབེན་རི་ལ་ཕྱོགས་འགྲོ།།
ཚུར་མཐོང་འཇིག་རྟེན་འཁོར་བའི་རང་ལ་ལྟ་བཞིན། །
ཡིད་ཀྱི་མཁའ་ལ་རི་མོ་སྣ་ཚོགས་ཤིག་བྲིས་ཏེ།།
གཡོ་ཅན་ཝ་མོར་བསྟོད་པའི་མཐེ་བོང་རེ་སྒྲེང་ཚེ།།
གཏོད་མེད་བུ་ཕོའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།།
ཁྲེལ་ཡོད་ངོ་ཚའི་གོས་བཟང་རྒྱང་རིང་དུ་དོར་ཅིང་།།
འདོད་ཡོན་ལོངས་སྤྱོད་ཚལ་ཏུ་འཇལ་རྒྱུགས་རང་བྱེད་པའི།།
བག་མེད་ནོར་ལ་རྔམས་པའི་སྤྱང་ལྟོགས་རྣམས་མཐོང་ཚེ།།
བདེན་པའི་བུ་ཆུང་སྐྱིད་པའི་དབེན་རི་ལ་ཕྱོགས་འགྲོ།།
ཕྲག་དོག་ཁྲག་མདངས་འཚེར་བ་དམར་ནག་གི་བཞིན་ན།།
ཨུ་ཚུགས་ཁྲོ་གཉེར་སྟུག་པོ་སྡོམ་རྒྱ་བཞིན་འཐེན་ཞིང་།།
ཧམ་སེམས་དུག་རླངས་འཁོར་བའི་ཉམས་སྣང་རེ་མཐོང་ཚེ།།
མཆི་མར་བསྙལ་པའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།།
གཞན་ལ་ཐབས་ཀྱིས་བསྟུན་པའི་སྙོམ་བག་དང་བྲལ་ཚེ།།
སྐྱབས་ལ་གཏོད་མེད་པ་ཆར་ཤུལ་གྱི་འཇའ་རིས།།
གྲོགས་ལ་ཡིད་རྟོན་བྲལ་བ་སྨིག་རྒྱུ་དང་མཚུངས་བས།།
གཞུང་བཟང་ཡིད་ཀྱི་ཁུ་བྱུག་དབེན་རི་ལ་ཕྱོགས་འགྲོ།།
འབྱོར་ཕྱུག་ལྡན་ན་ཀུན་ཀྱང་བླ་མ་དང་དཔོན་པོ།།
བླ་དཔོན་བུ་རབས་ཚ་རྒྱུད་སྤྲུལ་སྐུ་དང་དཔོན་ཕྲུག།
སྨྱོན་པའི་གཤིས་སྤྱོད་གྲུབ་པའི་མངོན་རྟགས་སུ་འཛིན་པས།།
ཕྱུགས་སྐྱོང་གཞོན་ནུའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།།
དབང་དང་རྒྱུ་ཡི་འཁུར་ཁུག་སྟོང་བ་རུ་གྱུར་ཚེ།།
བདེན་པའི་དྲང་སྲོང་ཞལ་མདངས་དམར་ནག་ཏུ་འགྱུར་ཞིང་།།
འདྲིས་འདྲིས་གྲོགས་ཀྱི་འཛུམ་ཡང་ཁྲོ་གཉེར་གྱིས་འགེབས་པས།།
ཅང་མེད་དབུལ་པོའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།།
ཕན་པར་སྙམ་དུས་ངོ་དགའི་མཇུག་མ་རང་གཡོ་བ།།
ཕན་ཁེ་བྲལ་དུས་ཁྲོ་བའི་སྣ་གཉེར་རེ་བྱེ་པའི།།
དེང་དུས་སྐྱེ་བོ་ཕལ་ཆེར་རྒྱུགས་ཁྱི་དང་འདྲ་བས།།
ལྷུན་ཆགས་བུ་ཕོའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།།
ཡར་རྒྱས་འབྱུང་ཚེ་ཀུན་གྱིས་བཀག་འགོག་ལ་འབད་ཅིང་།།
ཁ་ལས་དར་སྐབས་ཐམས་ཅད་བསྙད་འདོགས་ལ་སྤྲོ་བས།།
རིགས་མཐུན་རང་ལ་སྡང་བའི་རྩུབ་སྤྱོད་འདི་མཐོང་ཚེ།།
ཉམ་ཆུང་བུ་ཕོའི་སེམས་པ་དབེན་རི་ལ་ཕྱོགས་འགྲོ།
ཁ་ཤོབ་ཆེན་ན་ཁོག་དཔུང་རང་ས་ནས་ཟིན་ཅིང་།།
ཁ་ཁོག་གཡོ་ཡིས་ཁེངས་ན་ཁ་ལས་ཀྱང་འཕེལ་བ།།
ཁ་སེམས་མཐུན་མིན་ཁ་རྒྱབ་ལྟོ་གོས་ལ་རེ་བས།།
ཁ་སེམས་བཙུན་པའི་བུ་ང་དབེན་རི་ལ་ཕྱོགས་འགྲོ།
མཁས་པ་རྣམས་ལ་ཕྲག་དོག་དུག་མཚོན་གྱིས་བསྣུན་ཞིང་།།
ཡ་རབས་རྣམས་ལ་ཞེ་སྡང་རྐང་ལག་གིས་འཐབ་པ།།
སྡིག་སྲིན་ཚང་དུ་བུ་ང་སྡོད་ཐབས་རང་མི་འདུག།
ཞེན་མེད་དགའ་བདེའི་དབེན་པའི་རི་ཁྲོད་དུ་ཕྱོགས་འགྲོ།།
གཞན་ལ་གཡར་བའི་རང་ཤོང་ཁང་རྙིང་གི་ནང་དུ།།
རྩམ་སྐྱ་ཚྭ་དང་སྦྱར་བའི་དཀར་ཐུབ་ལ་བརྟེན་ནས། །
ཞོ་ར་ནག་ཐོའི་ངག་སྒོ་ཡངས་པོ་རུ་ཕྱེས་ཏེ།།
ཞེ་བློ་གཏིང་ནས་སྐྱོ་བའི་ཤུ་གླུ་འདི་བླངས་སོ།།