ཕ་ཡུལ་དྲན་པའི་གླུ་ཆུང་།

ཀོས་ན་རྫོང་སློབ་འབྲིང་།(གཡང་སྐྱིད་སྒྲོལ་མས།)        2014-01-23

    མཐོ་རྔམ་བརྗིད་ལྡན་པའི་ཐོག་ཁང་གི་རྩེ་མོར།།
    གསལ་མི་གསལ་སྨུག་སྤྲིན་ཚོམ་བུ་ཡིས་གཏུམས་དུས།།
    སྐྱིད་མ་འོངས་འཚོལ་སའི་སློབ་གླིང་གི་དབུས་ནས།།
    གནས་ཕ་ཡུལ་དྲན་པ་འགོག་ཐབས་རང་མི་འདུག །
    དགུང་ཉི་མས་སྨག་རིམ་མུན་པ་ནི་བཅོམ་སྟེ། །
    སྦྲ་ཐང་སྨུག་དུ་བ་སྨུག་སྤྲིན་ལ་འདྲེས་ཤིང་།།
    འབྲི་ཐུལ་མའི་བཞོ་དབྱངས་ཁུ་བྱུག་ལ་འགྲན་དུས།།
    དྲིན་ཨ་མའི་བརྩེ་བ་ཡ་ཆུང་ནས་དྲན་འོང་།།
    སྟེང་ལྷ་ཡུལ་འདྲ་བའི་ཕ་ཡུལ་གྱི་མཛེས་སྡུག །
    དེ་དྲན་པའི་གདུང་བ་རང་སེམས་སུ་བཅུག་ནས།།
    སྐྱིད་མ་འོངས་འཚོལ་སའི་སློབ་གླིང་ན་མཆིས་ཀྱང་།།
    ཡུལ་དྲན་པ་མུ་འབྲེལ་བརྙན་འཕྲིན་བཞིན་རྨིས་བྱུང་།།
    གྲོགས་ན་མཉམ་ཚོགས་ལ་ཕ་ཡུལ་ཕྱོགས་གླེང་དུས།།
    གནས་ཕ་ཡུལ་དྲན་པའི་སེམས་ངལ་དེ་ལྕི་བས།།
    སྟོད་ཡུལ་ཕྱོགས་འཕུར་བའི་དབྱངས་ལྡན་གྱི་འཇོལ་མོར།།
    སེམས་དྲན་པ་བསྐུར་བ་ལན་གཅིག་རང་མ་ཡིན། །
  • ལེ་ཚན་སྔོན་མ།: བརྩེ་མུ་འབྲེལ་གྱི་སྙན་ངག
  • ལེ་ཚན་རྗེས་མ།:ཟླ་འོད་ཀྱིས། ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།