ཟླ་འོད་ཀྱིས། ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།

གེ་སར།    གངས་རྒྱན་མེ་ཏོག》    2014-02-14

ཟླ་འོད་ཀྱིས། ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།
མེ་འཁོར་གྱི་ཕྱི་རོལ་ན་མཐའ་ཡས་པའི་མུ་མེད་ཀྱི་བྱང་ཐང་ཡིན།
དཀར་གསལ་གྱི་ཟླ་བས།བྱང་ཐང་ལ་མཐའ་མེད་པའི་དངུལ་མདོག་གི་ལྭ་བ་ཞིག་བཀླུབས་ནས་འདུག
ནམ་སྨད་དུ།མེ་འཁོར་ལ་ཐང་ཆད་པའི་ཉམས་སྣང་ཅུང་ཙམ་ཡང་མེད་པར།ད་དུང་ཡང་།བྱང་ཐང་གི་བྱང་ཐང་བརྒྱུད་ནས་ཕ་ཡུལ་ཕྱོགས་སུ་བསྐྱོད་དུས།ངས་མེ་འཁོར་གྱི་སྒེའུ་ཁུང་ལས།ཁེར་རྐྱང་གི་ཟླ་བས་ཁེར་རྐྱང་གི་བདག་ལ་བསྡོངས་གྲོགས་བྱ་བཞིན་པ་མཐོང་བྱུང་།
སྙིང་ལ་གཟན་པའི་མེ་འཁོར་གྱི་འོ་དོད་རེ་རེ་དང་།ཡིད་སེམས་ཀྱི་འཕར་ལྡིང་ལ་འགྲན་པའི་མེ་འཁོར་གྱི་གོམ་སྒྲ་འཚུབ་མོས།ས་སྲོད་དང་མཚན་མོ་འདིའི་ལྷིང་འཇགས་ཀྱི་ཡོལ་རས་གཤགས་ནས།སྐྱ་རེངས་ཀྱི་སྔོན་ལ་བསྐྱོད་ཀྱིན་འདུགབདེ་བར་གཟིམ་པའི་མི་ཚོའི་རྨི་ལམ་གྱི་ཀློང་ལ་བསྐྱོད་ཀྱིན་འདུག
མཚན་མོ་འདིར།ཧ་ཅང་ཁེར་རྐྱང་གི་མཚན་མོ་འདིར།ཟླ་འོད་ཀྱིས་ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།གྲང་བསིལ་བསིལ་གྱི་དངུལ་ཆུ་གཏོར་ཞོར།སྐྱུར་ལྷང་ལྷང་གི་གཏམ་རྒྱུད་བཟློ་ཞོར།ཟླ་འོད་ཀྱིས།ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།
མེ་འཁོར་གྱི་ཕྱི་རོལ་ནི་མཐའ་ཡས་པའི་མུ་མེད་ཀྱི་བྱང་ཐང་ཡིན།མྱ་ངམ་གྱི་བྱང་ཐང་དུ།རྔ་མོང་རེ་འགའ་ཧ་ཅང་ཁེར་རྐྱང་སྒོས།ཁ་ཁུ་སིམ་པོར་ཐ་ཐོར་ངང་འགྲེང་ནས་འདུག
མི་ལོ་བཅུའི་ཡར་སྔོན་དུ།རྨི་ལམ་གྱི་འདབ་གཤོག་གསར་དུ་གྲོལ་བའི་གཞོན་ནུ་དེས།བརྩེ་བ་རྣལ་མ་ཞིག་ཕུགས་བསམ་དྭངས་མོའི་རྒྱུན་ལ་སྡེབ་རྗེས།འཚབ་འཚུབ་ཀྱི་མེ་འཁོར་དེའི་གོམ་སྒྲ་རབ་རིབ་དང་།འཁྱག་དར་ལྷུང་བའི་ཟླ་འོད་ཀྱི་གཙང་ཆུ་གྲང་མོ་བརྒལ་ནས།འདི་ལྟར་མུན་སྨག་གི་ཕ་མཐའ་ལ་བགྲོད་དུས།འདི་ལྟར་འཚོ་བ་དང་གཏད་སོ་བྲལ་བའི་མ་འོངས་པའི་མཚོ་ཀློང་ལ་བགྲོད་དུས།དོ་ནུབ་ནང་བཞིན་དུ་ཁེར་རྐྱང་ལ་བྲག་ཅ་ཞིག་མཆེད་ཨེ་མྱོང་ངམ།དོ་ནུབ་ནང་བཞིན་དུ་སེམས་ཁོང་ལ་འཁྱག་འདར་ཞིག་བརྒྱབ་ཨེ་མྱོང་ངམ།
དོ་ནུབ།ཕ་ཡུལ་དུ་བསྐྱོད་པའི་མེ་འཁོར་གྱི་ནང་ནས།ངས་འདི་ལྟར་མི་ལོ་བཅུའི་ཐོབ་ཤོར་དང་རྒྱལ་ཕམ།ཆགས་སྡང་།དགའ་སྡུག་སོགས་བསམ་ཞོར།རང་བྱུང་ཁམས་ཆེན་པོའི་རྔམ་བརྗིད་ལ་བསམ་བློ་རེ་གཏོང་དུས།དབང་མེད་དུ་རང་སེམས་ཀྱི་དབའ་ཀློང་ལ་ཐོས་བརྩོན་གྱི་སྐྱ་བ་ཞིག་འདེགས་དགོས་བྱུང་།
མཚན་མོ་འདིར།ཧ་ཅང་ཁེར་རྐྱང་གི་མཚན་མོ་འདིར།ཟླ་འོད་ཀྱིས་ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།གྲང་བསིལ་བསིལ་གྱི་དངུལ་ཆུ་གཏོར་ཞོར།སྐྱུར་ལྷང་ལྷང་གི་གཏམ་རྒྱུད་བཟློ་ཞོར།ཟླ་འོད་ཀྱིས།ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།
ཟླ་འོད་ཀྱིས།ང་རང་ཕ་ཡུལ་དུ་ཁྲིད་ནས་སོང་།སྐྱ་རེངས་ཀྱི་སྔོན་དང་།བདེ་བར་གཟིམ་པའི་མི་ཚོའི་རྨི་ལམ་གྱི་ཀློང་ལ་ཁྲིད་ནས་སོང་།ཆུང་མ་དང་བུ་ཆུང་གི་རེ་སྒུག་དྲག་པོའི་རྨི་ལམ་ཁྲོད་དུ་ཁྲིད་ནས་སོང་།།
  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:མི་བརྗེད་སེམས་ཀྱི་རི་མོ།