
བརྩེ་གཅིག་སེམས་པ་ཡི་མེ་ལོང་ངོས་ལ།།
བརྩེ་བའི་རི་མོ་ཡི་གཟུགས་བརྙན་བཞེངས་ཡོད།།
བརྩེ་སེམས་དགུ་སྒྲིལ་གྱི་ཆུ་མོའི་བཞུར་རྒྱུན།།
བརྩེ་བའི་འོ་དོད་ཀྱི་དབྱངས་སུ་དྲངས་ཡོད།།
བརྩེ་བའི་རྒུན་ཆང་གི་མངར་ཁ་འཇམ་པོ།།
བརྩེ་ཆེན་དཀར་ཡོལ་གྱི་ནང་དུ་བཏེགས་ནས།།
བརྩེ་གཞས་ཕྲ་མོ་ཡི་སྙན་དང་བསྡེབས་ཀྱིན། །
བརྩེ་གཅིག་རེ་འདུན་དེ་འགྲུབ་པར་སྨོན་ཡོད། །
བརྩེ་བའི་ལྕགས་ཀྱུ་ཡིས་ཉ་མོ་མ་ཟིན། །
བརྩེ་འདང་དར་དཀར་གྱི་ཞགས་པས་མ་ཟིན།།
བརྩེ་བ་དུངས་དུངས་ཀྱི་བཟི་ཁ་དྲག་པོས།།
བརྩེ་བ་བརྒྱ་འགྱུར་གྱི་མགོ་བོ་མནན་སོང་།།
བརྩེ་མདུད་རང་ཞིག་ཏུ་གྱུར་བར་མ་སྣང་།།
བརྩེ་བ་ཆུ་ཤིང་གི་རྗེས་སུ་མ་འགྲོ།།
བརྩེ་བའི་ལྷ་ཆེན་ཡང་ཐིག་ལེ་མཆོག་མར།།
བརྩེ་བའི་གདོང་བཞིའང་གང་སར་གཏད་སོང་།།
བརྩེ་གཟིགས་མཁའ་འགོ་ཡི་མདུན་སར་སོང་ནས།།
བརྩེ་གཅིག་རེ་འབོད་ཀྱི་བསྔོ་སྨོན་བཏབ་ཡོད།།
བརྩེ་བའི་ལྷ་མོ་དེ་དངོས་སུ་འབྱོན་པར།།
བརྩེ་བའི་གུར་ཁང་ལ་འཇའ་ཚོན་སྤྲས་ཡོད།།