ང་དང་ཁྱོད་ཀྱི་ལས་དབང་།

ལྷ་སྒང་རྫོགས་ཆེན་སློབ་གྲྭ(ཞོ་ར་བློ་བཟང་བཀྲ་ཤིས།)        2014-01-16

     རི་རབ་མཐོན་པོའི་རྩེ་མོ་དགུང་ལ་ཟུག །
    གཙང་ཆབ་བརྒྱ་ཡི་ཕ་རོལ་བརྒལ་བར་དཀའ།།
    རོང་བྲག་དོག་པོར་ལྷུང་བའི་མི་རྐྱང་ངས།།
    ཕ་ཡུལ་དྲན་པའི་གདུང་བ་ཅི་ལྟར་བཟོད།།
    མི་ཚོགས་སྟོན་སྤྲིན་འཁྲིགས་པའི་བར་གསེབ་ཏུ།།
    ཁྱོད་ཀྱི་མཛེས་སྡུག་མིག་གིས་མི་མཐོང་གི །
    ཁང་ཆུང་གྲུ་བཞིའི་ནང་གི་དྲོད་ཁོལ་ལ།།
    དྲན་པའི་འཁྱག་དར་བཞུ་བའི་སྟོབས་དང་བྲལ།།
    སྣ་ཚོགས་འདབ་ཕྲེང་བཞད་པའི་མེ་ཏོག་གིས།།
    བདག་གི་སྙིང་ལ་ཁྱོད་ཀྱི་འཛུམ་མདངས་འབྲི།།
    དྲུག་འགྱུར་དབྱངས་སུ་འགུགས་པའི་ཁུ་བྱུག་གདངས།
    ཉིད་ཀྱི་གཏམ་གཞས་དྲོན་མོའི་བརྡ་རུ་འཁྲུལ།།
    ལག་ཁྱེར་ཁ་པར་ནང་གི་སྙིང་གཏམ་ལ།།
    དྲན་པ་བཟི་བའི་མངར་ཆ་རྫོགས་ན་ཡང་།།
    ལྷུང་ལྷུང་རྫ་རིའི་འོག་གི་ཆུ་རྒྱུན་གྱིས།།
    སྐོམ་པའི་མེ་ལྕེ་གཞིལ་བར་ག་ལ་ནུས།།
    རང་དབང་གཤོག་ཟུང་རྫོགས་པའི་ཐང་དཀར་རྒོད།།
    ང་ཡི་གཞོན་རྟར་ཅི་དགར་བཀོལ་ཆོག་ན།།
    སྐད་ཅིག་གློག་དམར་འཁྱུག་པའི་གར་སྟབས་ཀྱིས།།
    སེམས་མཐུན་སྒྲོལ་མའི་རུམ་ཁ་འཕུར་ན་འདོད།།
    ལས་དབང་རླུང་དམར་བཙན་པོའི་ལག་ཟུང་གིས།།
    བརྩེ་མེདསོ་སོར་འཕྲལ་བའི་མི་ཚེ་ལ།།
    དོན་གྱི་སྙིང་པོ་ཏིལ་ཙམ་མ་མཆིས་ཀྱང་།།
    ཁེར་རྐྱང་ལོ་ཟླ་བཙན་གྱིས་སྐྱེལ་དགོས་བྱུང་།།
    ཙག་ཙིག་ལས་ཀྱིས་མནར་བའི་ཚེ་གྲོགས་མས།།
    སྡུག་ཡུས་སྙིང་ལ་བཟོད་པའི་ཚུལ་དྲན་ན།།
    ཡིད་ཀྱི་སྐྱོ་གདུང་འགོག་པར་ཆེས་དཀའ་ཡང་།།
    ཚེ་སྔོན་བསགས་པའི་རྣམ་སྨིན་སུ་ཡིས་འགོག།
    ཞེ་སེམས་གཅིག་ཏུ་འདྲིས་པའི་ན་ཆུང་མར།།
    ཟུངས་ཁྲག་དྲོན་མོའི་འཕྲིན་ཐུང་འདི་ཕུལ་ནས།།
    འབྱུང་འགྱུར་འཚོ་བའི་ངལ་སྟེགས་འཇམ་པོ་རུ།།
    ནད་མེད་བདེ་དགར་སྤྱོད་པའི་སྨོན་འདུན་ཞུ།།
  • ལེ་ཚན་སྔོན་མ།:ང་ཡོད་སའི་ས་ཆ།
  • ལེ་ཚན་རྗེས་མ།: བརྩེ་མུ་འབྲེལ་གྱི་སྙན་ངག