ང་ཡོད་སའི་ས་ཆ།
མཚོ་སྔོན།(བོད་བདུད་རྒྱལ་གྱིས་བྲིས།) 2014-01-14
ང་ཡོད་སའི་ས་ཆ་ནས་རླུང་བུ་ཟ་ཟི་ལྡང་བཞིན།
སྐམ་པོར་གྱུར་པའི་རྩྭ་ལོ་སྡོད་མི་ཚུགས་པ་ནང་བཞིན་དུ།
ངའི་མིག་སྔུན་ནས་མངོན་གྱིན་འདུག
མངོན་པ་དེ་རྩྭ་ལོ་མ་ཡིན།
བར་སྣང་ནས་འཕུར་བཞིན་པའི་རྒོད་པོ་དེ་ཡིན།
རྒོད་པོའི་གཤོག་པ་དེ་རྩྭ་ལོ་དང་ཀུན་ནས་མཚུངས།
ཁེར་རྐྱང་གི་ཡུལ་གྲུ་རུ་འགྱུར་བའི་གནས་འདི་ནས།
གྲོང་ཁྱེར་གྱི་ངོ་བོ་ལ་ཉེ་སར་བཅར་ཏེ།
ཡུན་རིང་ཡུན་རིང་ཞིག་ལ་སྡོད་དུས།
ཁེར་རྐྱང་ཞེས་པའི་མིང་ཚིག་ཤ་གསེང་རུས་གསེང་ལ་ཐིམ་སོང་།
ཐིམ་སོང་བའི་མིང་ཚིག་དེ་སླར་ཡང་ལྷན་འཛོམས་ཀྱི་རྣམ་པ་རུ་མངོན།
ལྷན་འཛོམས་དེ་མ་གཞི་ནས་ཁེར་རྐྱང་གི་མིང་ཞིག་ཡིན།
ང་ཡོད་སའི་ས་ཆ་ནི་ལྷིང་ཞིང་འཇགས་པ་ཡིན་དུས།
གླུ་གཞས་ཐར་ཐོར་ལ་རྣ་བ་ཅེར་བཞིན།
མིང་ཚིག་རྡོག་པོ་འགའ་ཡིག་གཟུགས་སུ་ཕབ་ཡོད།
ཕབ་ཡོད་པ་དེ་གཞི་ནས་སྙན་ངག་ཡིན་པ་རྟོགས་དུས།
སེམས་པ་ནི་རླུང་བུས་ཁྱེར་སོང་།
རླུང་བུ་དེ་སྙན་ངག་ཅིག་གི་རྣམ་པ་རུ་འགྱུར་གྱིན་ཡོད།