སྙེ་གཞུང་ཕྱུག་མོ།
རྟའུ་སློབ་འབྲིང་།(ཏཱ་རེ་སྐྱབས་ཀྱིས།) 2014-01-14
ཡུལ་སྐྱིད་པོ་ས་མ་འབྲོག་གི་ཡུལ།།
ཆབ་སྙེ་གཞུང་མ་ཆུ་དལ་གྱིས་བཞུར།།
ས་རོང་འབྲོག་ཞིང་ཕྱུག་འཕེལ་ས་འདི།།
ངའི་ཕ་ཡུལ་སྙེ་གཞུང་ཕྱུག་མོ་ཡིན།།
ཤར་སྟག་རིར་བཻ་རོའི་སྒྲུབ་ཕུག་བཞུགས།།
ལྷོ་ཇོ་མོ་མཁའ་རེག་གཟི་བྱིན་འབར།།
ནུབ་འུ་མིག་ཐོད་རིར་དགེ་བཅུ་འཛོམས།།
བྱང་ཇོ་མོ་གངས་དཀར་དབུ་རྩེ་དགུང་།།
བོད་དབྱངས་ཡིག་སྲོལ་འབྱེད་སམ་བྷོ་ཊ།།
གནམ་མཐའ་མཉམ་ལོ་ཆེན་བཻ་རོ་མཆོག།
ངའི་མེས་པོ་དྲིན་ཅན་སྙིང་ནས་དྲན།།
རྒན་ལོ་ལོན་བྱམས་སེམས་ཆེ་དང་གཅིག།
བུ་བུ་མོ་རིག་སྟོབས་རྒྱས་དང་གཉིས།།
ཆོས་གྲུབ་མཐའ་རིས་མེད་དར་ས་འདི།།
ངའི་ཕ་ཡུལ་སྙེ་གཞུང་ཕྱུག་མོ་ཡིན།།
བསང་དྲི་ཞིམ་ཐོན་གྱི་སྤོས་ལས་འཐུལ།།
ཡུལ་ཕུ་གསུམ་པར་བརྐོས་འགྲན་ཟླ་མེད།།
དཀར་ཞོ་ལེགས་བོད་ཤོག་ཁྱད་དུ་འཕགས།།
ཡུལ་སྙེ་གཞུང་ཕྱུག་མོའི་རྒྱན་ཆ་ཡིན།།
གཞུ་མར་རྐྱང་བྲག་སྐོར་ཕྱུགས་ཀྱིས་བཀང་།།
སྲད་དར་རོང་ཟངས་རིར་འབྲུ་དྲུག་སྨིན།།
ཐོན་བྲེ་ནང་ལྷུན་སྒང་ནགས་ཀྱིས་བརྒྱན།།
སྐྱིད་སྟེ་གཞུང་ཕྱུག་མོ་གཡང་གིས་ཕྱུག།།