ཁུ་བྱུག་ཕེབས་བྱུང་།

འབའ་གདུགས་བྷེ།        2014-01-09

ཁུ་བྱུག་ཕེབས་བྱུང་།
སྙན་ལྷང་ལྷང་གི་དྲུག་འགྱུར་གླུ་རུ་བཀུག་ནས།
མཉེན་ལྡེམ་ལྡེམ་གྱི་གཤོག་ཟུང་གར་ལ་ཟློས་ནས།
ཞི་བདེ་དང་དྲོད་ཁོལ་གྱི་བདེ་དྲོད་ཉར་གྱིན།
ལྷོ་མོན་ནགས་ཀྱི་ཞིང་ཁམས་ནས་ཕེབས་བྱུང་།
ན་ནིང་ཁོས་གྲང་རེག་དང་འཁྱག་རླུང་གི་ན་ཟུག་ཁུར་ནས།
ལྷོ་མོན་ཡུལ་གྱི་གནས་ཚང་བཙལ་བར་ཕྱིན་ཅིང་།
ད་ལོ་སླར་ཡང་དཔྱིད་ཀྱི་བདག་མོའི་དྲོད་ཁོལ་ཉར་ཏེ།
རི་ཆུ་ཁྲི་ཕྲག་གི་ཕ་རོལ་ནས་ཕེབས་བྱུང་།
ཁུ་བྱུག་ཕེབས་བྱུང་།
ལྷག་བསམ་གྱི་གཤོག་པ་སྐྱི་བསེར་རླུང་ལ་རྡེབ་བཞིན།
ཕུགས་འདུན་གྱི་གླུ་གཞས་རོལ་མོའི་གདངས་ལ་བསྒྱུར་ནས།
འཚོ་བའི་ལྗོན་པ་ལ་འབྲས་བུ་སྩོལ་བར་ཕེབས་བྱུང་།
ཁོ་ཕེབས་པའི་ཕྱི་ཉིན་ནས།
འཁྱག་རོམ་གྱི་བཙན་རྫོང་དྲོད་ཁོལ་གྱི་སྒྱོགས་རྡོས་བཤིག་ཅིང་།
འགག་ལ་ཉེ་བའི་ཚེ་སྲོག་ལ་རྣམ་ཤེས་ཀྱི་འཕར་རྩ་བསྣན་པས།
མི་ཡུལ་དག་གིས་ལང་ཚོ་གསར་བ་ཞིག་རྙེད་པ་དང་འདྲ་བར།
གཞོན་ཤ་དོད།དུས་དེར།
གཞོན་ནུ་མའི་མིག་ཟུང་ཕ་ཀིའི་རྣང་མའི་ཕང་བར་གཏད་དེ།
ཕུགས་འདུན་དང་འཚོལ་སྙེག་གི་འདུན་མ་རེ་བཙལ།
ད་དུང་རྩྭ་ཐང་དང་ནགས་ཚལ།ཆུ་བོ།
ཐ་ན་རྣམ་ཤེས་ཀྱི་ཕྲ་རགས་རེ་རེས།
རང་རང་གི་གཏན་གྱི་སྨོན་འདུན་རེ་ཉར་ཏེ།
མགོ་བོ་དགྱེ།བྲང་ཁ་ལྡིར།
ཁུ་བྱུག་ཕེབས་བྱུང་།
ཁུ་བྱུག་ཕེབས་བྱུང་བས།
ད་གཟོད་ས་ཆེན་གྱི་རྨི་ལམ་དཀྲོགས་ཤིང་།
ཚེ་སྲོག་ལ་ཟུངས་ཁྲག་གི་རྒྱུ་བ་བསྣན།
དྲོད་འཇམ་གྱི་ཁ་རླངས་འཁྱིལ་བའི་གཞིས་བྱེས་ཀྱི་འཇིག་རྟེན།
སླར་ཡང་གཏམ་རྒྱུད་གསར་བ་ཞིག་དང་།
འཚོ་བ་ངོ་མ་ཞིག་གི་བདེན་པར་གཞོལ།
དེ་ལས་ད་གཟོད་རང་ཉིད་ཀྱི་ཞིང་བཀོད།
གླུ་རུ་བླངས་ཤིང་།བྲོ་རུ་འཁྲབ།
ཁུ་བྱུག་ཕེབས་བྱུང་།
ཁུ་བྱུག་གིས་བདེ་སྐྱིད་དང་དྲོད་ཁོལ་བསྐྱལ་བ།
ལྷག་བསམ་དང་སྨོན་འདུན་ཡང་ཁྱེར་ཡོང་།
དེ་བས།
འགའ་རེས་དེ་ནི་རྒྱ་གར་ཡུལ་གྱི་ལྷ་བྱར་གསོལ་ཅིང་།
ལ་ལས་ལྷོ་མོན་ནགས་ཀྱི་མགྲོན་པོར་སེམས།
གང་ལྟར།
སྙན་ངག་པའི་སྨྱུག་རྩེ་རུ་ཁུ་བྱུག་གི་མཚན་ཉིད་བོར་མ་མྱོང་ལ།
མི་སེམས་ཀྱི་ཡུལ་ལྗོངས་སུ།
ཁུ་བྱུག་གི་དབྱངས་འགྲོས་དེ་བས་སྙན།
ཀྱི་ཧུད།
ཁུ་བྱུག་ང་ཚོ་དང་འདྲིས་དྲགས་པའི་མཐར་མར།
སླར་ཡང་ང་ཚོ་དང་འབྲལ་དགོས་བྱུང་།
 
  • ལེ་ཚན་སྔོན་མ།: བརྩེ་དུང་།
  • ལེ་ཚན་རྗེས་མ།:སྙེ་གཞུང་ཕྱུག་མོ།