ཉེར་དུས་སུ་འཕྲོད་པའི་མཛེས་མ་ལགས

བསྟན་འཛིན་ནོར་བུས་བྲིས།        2014-01-06

    ཉེ་བའི་གནས་སུ་འཕྲོད་པའི་མཛེས་མ་ལགས།།
    གནམ་སའི་བར་ན་དཀོན་པའི་ཆོས་ཉིད་འཛིན།།
    དབུ་སྐྲ་གནག་སྣུམ་དྲི་ཞིམ་ལྷབ་ལྷབ་བསྐྱོད།།
    སྨིན་མ་བཟོ་མཁས་རྩལ་གྱིས་བྲིས་པ་བཞིན།།
    ཞལ་རས་ཉ་གང་ཆུ་ཤེལ་འཛུམ་པ་ལྟར།།
    མ་བཀུག་སྙིང་གི་གསང་དུ་དབྱེར་མེད་ཐིམ།།
    མཆུ་སྒྲོས་པད་དམར་ཚེམས་འཕྲེང་མུ་ཏིག་འབར།།
    བུམ་བཟང་མགུལ་ལས་སྙན་པའི་མཆིད་ཚིག་འཇེབས།།
    འཇིག་རྟེན་ཆོས་ཀུན་འཇོམས་པའི་ཆོམ་རྐུན་མ།།
    སྒོ་གསུམ་མ་ཕྱོགས་ཁྱེད་སྟེང་དབང་མེད་ལྷུང་།།
    དཀྱུས་རིང་རྣམ་བཀྲ་ཡོན་པར་ཕྱོགས་པའི་མདས།།
    བདག་སྙིང་འབིག་བྱེད་མེ་ཏོག་མདའ་བསྒྱུར་མ།།
    སྐུ་ལུས་གཉེན་པ་སིབ་སིབ་ཆས་པའི་གར།།
    རིན་ཆེན་རྒྱན་གྱིས་གནས་རྣམས་མ་ཚང་མེད།།
    ལང་ཚོའི་མཆོད་ཡོན་རེ་རེའི་གར་སྟབས་ཀྱིས།།
    སྲིད་གསུམ་བདག་པོ་འཁོར་སྒྱུར་འགུག་གྲབས་བྱེད།།
    རྗེ་བཙུན་མ་ཡིས་སྤྲུལ་པའི་འཕྲུལ་ཞུགས་ན།།
    རྗེས་ཆགས་སྙིང་རྗེའི་ཞགས་ཐག་བདག་ལ་འཕོངས།།
    མྱ་ངན་གཅོང་རུང་སྦུབས་ལས་དྲངས་ཏུ་གསོལ།།
    མི་མོ་ཡིན་ཡང་དེ་ཆོས་བདག་ལ་བསྩལ།།།།
  • ལེ་ཚན་སྔོན་མ།:སེམས་ཀྱི་གླུ་དབྱངས།
  • ལེ་ཚན་རྗེས་མ།:ཡར་སྐུལ་མེ་ལོང་།