སེམས་ཀྱི་གླུ་དབྱངས།

རྨ་ཆུ།(དུང་རིང་སྙིང་ལྕགས་བཀྲ་ཤིས་ཀྱིས།)        2014-01-06

    ཐང་ཆེན་འཐོར་རླུང་ཤིག་ཤིག།
    སྐོ་ཆེན་ཐང་ནས་གཡུག་བྱུང་།།
    ཁེར་རྐྱང་སེམས་པའི་སྡུག་བསྔལ།།
    བྱ་བྱེའུ་གྲེ་འགྱུར་ཀྱུར་ཀྱུར།།
    སྙན་དབང་གསོ་བའི་བདུད་རྩི།།
    གདུང་སེམས་ཆེ་བའི་གཞོན་ནུ།།
    རྒྱང་རིང་ས་ན་སྡུག་སྡུག།
    སྒེའུ་ཁུང་ཟླ་འོད་བསིལ་བསིལ།།
    ཨ་ཇོར་དྲན་པ་གསོས་བྱུང་།།
    དྲན་པའི་ཡིད་ཀྱི་བརྩེ་བ།།
    བརླན་པའི་ཆུང་འདྲིས་སུ་ཞིག།།
    སུན་སྣང་མགོ་བོ་འཐོམ་འཐོམ།།
    ཡིད་སེམས་ཨ་ཐང་ཆད་བྱུང་།།
    རེ་སྒུག་མིག་ཟུང་རིག་རིག།
    མཐོན་པོའི་རི་ལ་བུད་ནས།།
    རྒྱང་རིང་ཕྱོགས་ལ་བལྟས་བྱུང་།།
    ཁ་བ་ལྷབ་ལྷབ་བབས་པས།།
    ང་ཡི་མཐོང་ལམ་སྒྲིབ་བྱུང་།།
    བརྩེགས་པའི་བརྩེ་འཕྲིན་སྙིང་གཏམ།།
    ཟླ་དང་ལོ་ལ་བྲིས་ཡོད།།
    བྲིས་པའི་གླེགས་བམ་མཐུག་པོ།།
    སྐོ་ཆེན་ཐང་ན་ལུས་ཡོད།།
    ལུས་ཀྱིས་སྤུར་བའི་རླུབ་ནས།།
    སྐོ་ཆེན་མེ་ཏོག་བཏབ་འདྲ།།
    མེ་ཏོག་རེ་རེ་སྤུར་དུས།།
    སྨོན་ལམ་ལན་གསུམ་བཏབ་ཡོད།།
    བྱུར་དུ་འཕྲད་པའི་ལྷན་འཛོམས།།
    རྨི་ལམ་ནང་གི་འཇའ་ཚོན།།
    སྐྱོ་པའི་དབུགས་རིང་ལྷེམ་ལྷེམ།།
    ཁེར་རྐྱང་མལ་ན་རྔུབ་ཀྱང་།།
    ཤ་དང་རུས་ནས་དུངས་པའི།།
    བྱམས་པ་གང་ཡང་མ་བྱུང་།།
    ཉིན་དང་ཟླ་བའི་ཕྲེང་རིལ།།
    སོར་མོ་རེ་ནས་ཕུད་ཀྱང་།།
    སྟོང་བའི་འཕྲུལ་སྣང་རྒོད་པོ།།
    ཐང་ཆེན་དྲག་རླུང་འཚུབ་འཚུབ།།
    ལས་ཀྱི་གོ་བཞག་ལྕི་ཡང་།།
    འཛེམ་སྣང་གང་ཡང་མ་བྱུང་།།
    ཆུང་འདྲིས་དྲན་པའི་གདུང་བ།།
    ནམ་ཡང་བརྗེད་རྒྱུ་མི་འདུག།
    རྒྱང་རིང་ལུང་དཀྱོགས་ཕུགས་ན།།
    ཁེར་རྐྱང་འཚོ་སྡོད་སྐྱེལ་བའི།།
    སྟག་ཤར་གཞོན་པའི་འདུག་རོགས།།
    རང་ལུས་གྲིབ་མ་ནག་པོ།།
    དྲན་པའི་སྙིང་གི་ལྷ་ལྕམ།།
    ཆུང་འདྲིས་མ་བཟང་བུ་མོ།།
    ཡིད་ལ་ཡང་ཡང་ཤར་བས།།
    མཚན་མོའི་གཉིད་ཀྱང་མི་ཁུགས།།
    ཁྱོད་དང་བྲལ་བའི་ཉིན་ཞག།
    དངོས་གནས་ཆོད་ཐབས་མ་ཡོད།།
    འགྲོ་འདུག་རང་དབང་མེད་པས།།
    གཟེར་ནང་བཅུག་པའི་བྱེའུ་ཆུང་།།
    གཤོག་ཟུང་རྩལ་དྲུག་རྫོགས་པའི།།
    བྱ་ཞིག་ཡིན་ན་སྙམ་བྱུང་།།
    ཆུང་འདྲིས་ཡོད་སའི་ས་ལ།།
    ལོག་རྒྱུ་བྱུང་ན་བསམ་བྱུང་།།
    ཟང་ཟིང་བྱ་བ་བཀའ་རེད།།
    བཀའ་ལ་ལྡོག་མེད་རྡོ་རེད།།
    བདེ་ལེགས་རྫོགས་པའི་མཐའ་ན།།
    མཇལ་བའི་དམ་བཅའ་བཀོད་ཡོད།།
  • ལེ་ཚན་སྔོན་མ།:སུ་ཞིག་གི་ཆེད་དུ།
  • ལེ་ཚན་རྗེས་མ།:ཉེར་དུས་སུ་འཕྲོད་པའི་མཛེས་མ་ལགས