ལྡོང་བསོད་ནམས་ཚེ་རིང་། 2013-12-18
ནམ་རྒྱུན་དང་འདྲ་བར།
ཕྱི་རོལ་ན་ཆར་བའི་འབབ་རྒྱུན་ཅི་འདྲའི་ཆེ་ནའང་།
སེམས་ཀྱི་འཆར་སྒོ་ཀ་ཁའི་དབྱངས་རྟ་སྙན་མོ་དང་བསྡེབས་ནས།
རི་རབ་ཀྱི་རྩེ་དང་།
རྒྱ་མཚོའི་གཏིང་།
དེ་མིན་མཐའ་མི་མངོན་པའི་རྩ་ཐང་དེ་ན་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས།
གང་སར་འཕྱོ།
མི་ཁ་དང་སྤྱང་ཀིའི་ངར་སྐད་རྣ་ལ་གཟན་ནའང་།
ཁོང་གི་སླད་མེད་ཀྱི་བརྩེ་བ་དེ་རི་བོ་ཆེན་པོའི་ཁ་གཏད་དུ་འགྲེང་ནས།
མཐའ་མེད་པའི་རྩྭ་ཐང་ལ་རྒྱང་བལྟ་བྱེད་བཞིན།
གཏིང་ཟབ་པའི་རྒྱ་མཚོར་ཕྱིར་མིག་འཕེན་ངེས།
འདི་ནི་ཁོ་བོའི་རང་གཤིས་སུ་གྲུབ་ཡོད།
སུ་ཞིག་གི་ཆེད་དུ་ཡིན།
ནམ་རྒྱུན་དང་འདྲ་བར།
ཕྱི་རོལ་ན་གྲང་ངར་བུ་ཡུག་གི་རྔམ་ཁ་རྒོད་ནའང་།
སེམས་ཀྱི་བརྩེ་བ་ལག་པས་མཐོ་རུ་བཏེགས་ནས།
གྲང་ངར་གྱིས་བཅོམས་ཟིན་པའི་སྡོང་རྐང་རེ་རེ་དང་།
རྩྭ་རྐང་དེ་དག་གི་གསེབ་ན་མགོ་བོ་མཐོན་པོར་དགྱེ་ནས།
འཁྱག་གིས་བསྡམས་པའི་ཁོར་ཡུག་དེ་ནས་ཀི་སྒྲ་འདེབས་པ་ནི།
མི་བུ་དེས་སེམས་ཀྱི་མོས་པ་རུ་སྒོམ་ཡོད།
མཚམས་རེར་ཀི་སྒྲ་དེས་གྲང་ངར་ཁྲོད་ལུས་པའི་ལྗོན་རྐང་རེ་རེ་དང་།
རྩྭ་ཕྲན་ཆུང་ངུ་དག་ལ།
སྙིང་སྟོབས་དང་སྤོབས་པ།
ལ་རྒྱ་དང་བློ་མིག
རྒྱུ་འབྲས་དང་བླང་དོར།
ཐེ་ཚོམ་དང་རྨོངས་པ།
སེམས་འགྱུ་དང་འདུ་ཤེས།
རུལ་དྲི་ཡལ་བའི་དྭངས་གཙང་གི་བསམ་བློ་ཟླུམ་པོ་ཞིག
དྲི་མེད་ཀྱི་ཁ་བཏགས་ཞིག་གི་ཚབ་ཏུ།
ཕྱོགས་ཞེན་མེད་པར་གང་ལ་གང་འཚམ་དུ་སྤྲད་འོང་།
འདི་ནི་ཁོ་རང་ཚོར་ཆེས་ཐོབ་འདོད་པའི་གྲང་ཁྲོད་ཀྱི་ཉི་ཟེར་ལས།
མྱ་ངན་ཐང་གི་བསྟོད་སྒྲ་དང་ཀི་སྒྲ་ཐན་ཐུན་དེ་མིན།
ནམ་རྒྱུན་དང་འདྲ་བར།
ཁོ་བོས་སྤྱིར་བཏང་མ་ཡིན་པའི་རྨི་ལམ་ཞིག་གི་མགོ་རྐང་སྒྲིག་བཞིན།
ས་ཆེན་མོའི་ཡང་སྟེང་དང་།
གནམ་སྔོན་པོའི་ཐུ་འོག་ནས།
ཕྱོགས་སོ་སོར་འོད་རྒྱས་པའི་གཟའ་སྐར་ཆེན་མོ་ཞིག
མཐའ་མཚམས་ལ་དབྱེ་བ་མེད་པར་གང་སར་སྤྲོད་འདོད།
དགུན་ནམ་རིང་མོར་གྲང་ངར་རྒོད་ནའང་།
སེམས་ཀྱི་མེ་དཔུང་གཏན་ནས་ཡལ་མ་མྱོང་།
མི་ཚེ་བརྒྱུད་ལམ་དེ་འདྲའི་ཀྱག་ཀྱོག་ཆེ་ནའང་།
ཕུགས་ཀྱི་འདུན་མར་སྔར་བཞིན་འོད་ཀྱིས་གཏམས།
ཁོ་ནི་འཚོ་སྣེ་དེའི་གྲུ་ཁ་ན་བརྟན་པོར་འགྲེང་སྟེ།
མཐའ་སུ་མ་ལྷུང་བར་འཚོ་བའི་སྙིང་སྟོབས་ཀྱི་བུམ་པར།
བཙོག་དྲི་བོར་བའི་ཆུ་སྣ་མང་པོའི་ཁ་དོག་གཞི་གཅིག་ཏུ་བསྡུས།
རྙོག་འཛིང་དང་གྲང་ངར་གྱིས་ཟིན་པའི།
སྤྱི་ཚོགས་ཀྱི་འདུ་འགོད་གཤགས་ཏེ།
སྤོབས་པ་དང་སྙིང་སྟོབས་ཀྱིས་ཕྱུག་པའི།
དཔའ་བུ་སྟོབས་ལྡན་ཞིག་རང་དུ་མངོན།
སུ་ཞིག་གི་ཆེད་དང་།
གང་ཞིག་གི་དོན་དུ།
ཁེར་རྐྱང་གི་འཚོ་བར་ཞུམ་པ་མེད་པར།
ནམ་རྒྱུན་དང་འདྲ་བར།
སྙན་གླུ་ཞིག་སེམས་ཀྱིས་གྱེར་བཞིན།
མཛེས་སྣང་གིས་བསྐྲུན་པའི་འཚོ་བ།
འོད་མདངས་བཀྲ་བའི་ཉི་ཟེར་དེར།
མིག་ཅེར་ནས།
ཡང་ཡང་བལྟས།
ཡང་ཡང་བལྟས།
རྩོམ་གསར། 10